སྲིད་སྐྱོང་མཆོག་གིས་ཐེ་ཝན་ལ་ས་ཡོམ་གྱི་གནོད་འཚེ་ཐེབས་པར་ཐུགས་གསོ་འཚམས་འཕྲིན་གནང་འདུག

2024.04.04
སྲིད་སྐྱོང་མཆོག་གིས་ཐེ་ཝན་ལ་ས་ཡོམ་གྱི་གནོད་འཚེ་ཐེབས་པར་ཐུགས་གསོ་འཚམས་འཕྲིན་གནང་འདུག ཐེ་ཝན་ནང་འགུལ་ཚད་རིམ་པ་བདུན་ཚེགས་བཞི་ཅན་གྱི་ས་ཡོམ་བརྒྱབ་པའི་གནོད་ཐེབས་ས་ཁུལ་(Hualien)། ༠༤།༠༤།༢༠༢༤
Reuters

ཕྱི་ཟླ་༤་པའི་ཚེས་གསུམ་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨིན་ཝུན་(Tsai Ing-wen)་ལགས་ཀྱི་མཚན་ཐོག་ཐེ་ཝན་ནང་ས་ཡོམ་གྱི་གོད་ཆགས་ཕོག་པར་ཐུགས་གསོའི་འཚམས་འཕྲིན་གནང་ཡོད་པའི་ནང་། ས་ཡོམ་གྱི་འགུལ་ཚད་ཀྱི་ཆ་ནས་ཤུགས་ཆེན་པོ་ཡིན་ནའང་གནོད་འཚེ་ཆེན་པོ་ཕོག་མེད་པའི་རེ་བ་ཡོད་ལ་གོད་ཆགས་ཀྱི་འོག་རྨས་སྐྱོན་དང་། རྐྱེན་ངན་དེའི་འོག་ནས་བཅའ་དངོས་ཀྱི་གྱོང་གུན་ཕོག་མཁན་ཚོ་བཅས་པར་དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་ཐུབ་པའི་ནུས་པ་སྐྱེས་པའི་རེ་སྨོན་ཡོད། ལྷག་པར་དུ་ས་ཡོམ་གྱི་གོད་ཆགས་དེའི་འོག་ནས་ཚེ་སྲོག་ཤོར་བའི་ཤུལ་ལུས་ནང་མི་ཚོར་དབུས་བོད་མིའི་སྒྲིག་འཛུགས་དང་། མི་མང་གི་ཚབ་ཞུས་ཏེ་ཐུགས་གསོ་དང་སྨོན་ལམ་ཡོད་ཅེས་དང་། ས་ཡོམ་གྱི་གོད་ཆགས་ཕོག་པའི་ས་ཁུལ་དུ་མི་མང་ལ་སྨན་བཅོས་དང་། མྱུར་སྐྱོབ་། དེ་བཞིན་ཛ་དྲག་གི་ལས་དོན་གཉེར་མཁན་ཚོའི་ལས་དོན་སྤེལ་ཕྱོགས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད་ཅེས་ཀྱང་བཀོད་འདུག
དེའི་སྔོན་འདི་ཚེས་༣ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་ཤར་ཕྱོགས་མཚོ་འགྲམ་དུ་ས་ཡོམ་འགུལ་ཚད་ཤུགས་ཆེན་བྱུང་ནས་མིའི་ཚེ་སྲོག་ཤོར་བ་དང་། རྒྱུ་ནོར་དང་རྨང་གཞིའི་འཛུགས་སྐྲུན་ལ་གཏོར་སྐྱོན་ཚབས་ཆེན་བྱུང་བར་ཐུགས་ཕམ་བྱུང་བའི་གསུང་འཕྲིན་ཞིག་ཐེ་ཝན་སྲིད་འཛིན་ལྕམ་(Tsai Ing-wen)་ལགས་ཀྱི་མཚན་ཐོག་བསྩལ་གནང་མཛད་ཡོད་པ་རེད།
ཐེ་ཝན་གཞུང་འབྲེལ་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། འདི་ཚེས་༣ཉིན་གྱི་ཞོགས་པ་ཆུ་ཚོད་༨པ་མ་ཟིན་ཙམ་ལ་ཐེ་ཝན་ནང་འགུལ་ཚད་རིམ་པ་བདུན་ཚེགས་བཞི་ཡིན་པའི་ས་ཡོམ་བརྒྱབ་ནས་འདི་ཚེས་༤ཉིན་བར་སྔ་དྲོ་བར་ཉུང་མཐར་མི་དགུ་ཡི་ཚེ་སྲོག་ཤོར་ཡོད་པ་དང་། ཁང་པ་མང་པོ་རྡིབ་སྐྱོན་བྱུང་བའི་ཁྲོད་མི་གྲངས་༡༠༠༠ལྷག་ལ་རྨས་སྐྱོན་ཕོག་ཡོད་པ། བརྒྱ་ཕྲག་བརྒལ་བ་གར་སོང་མེད་པར་གྱུར་བ་སོགས་བསྒྲགས་འདུག་ལ། ཨ་རིའི་ས་གཤིས་བརྟག་དཔྱད་ཁང་(USGS)་གིས་ཀྱང་ད་རེས་ཀྱི་ས་ཡོམ་དེ་ནི་འགུལ་ཚད་རིམ་པ་བདུན་དང་གྲངས་ཆུང་བཞི་ཡིན་པ་བསྒྲགས་འདུག
ཐེ་ཝན་གྱི་ལྷོ་ཕྱོགས་གྲོང་ཁྱེར་(Huelien)་ནང་གི་རི་ཉུལ་ནས་ལམ་ཆེན་འགག་པའི་ནང་ཚུད་པའི་མི་རྣམས་མྱུར་སྐྱོབ་ཐུབ་ཡོད་ཀྱང་། ད་དུང་མུ་མཐུད་དུ་ས་ཡོམ་འགུལ་ཚད་ཆུང་ངུའི་རིགས་རྒྱག་བཞིན་ཡོད་འདུག

ད་རེས་ཐེ་ཝན་ནང་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་བོར་བརླག་སོང་བའི་མི་སྣ་བཙལ་འཚོལ་དང་མྱུར་སྐྱོབ་ལས་དོན་ཁག་མུ་མཐུད་དུ་སྤེལ་བཞིན་པ་ལྟར་མི་གྲངས་ཤི་རྨས་དང་ཁང་པ་གཏོར་སྐྱོན་སོགས་ཀྱི་གྲངས་འབོར་འཕར་སྲིད་པ་རེད།
ཐེ་ཝན་ནང་དེ་སྔ་ཕྱི་ལོ་༡༩༩༩ལོར་ས་ཡོམ་འགུལ་ཚད་༧་༦ཅན་ཞིག་བརྒྱབ་ནས་ཉུང་མཐར་མི་གྲངས་༢༤༠༠ལྷག་འདས་གྲོངས་སུ་གྱུར་ཡོད་པ་དང་། ཐེ་ཝན་གྱི་ས་ཡོམ་བརྟག་དཔྱད་ཁང་གི་གསུངས་དོན་ལྟར་ན། ད་རེས་ཀྱི་ས་ཡོམ་དེ་བཞིན་ཐེ་ཝན་ནང་ལོ་ངོ་༢༥རྗེས་སུ་བྱུང་བའི་ས་ཡོམ་ཤུགས་ཚད་ཆེ་ཤོས་དེ་ཡིན་པ་རེད།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎