བཀྲ་ཤིས་དབང་ཕྱུག་དང་ཁྲིམས་རྩོད་པ་ཐུག་འཕྲད་བྱེད་མ་བཅུག་བར་སྐྱོན་བརྗོད་བྱས་འདུག
2019.01.24
སྐད་ཡིག་ཐོབ་ཐང་རྩོད་མཁན་བཀྲ་ཤིས་དབང་ཕྱུག་དང་ཁོང་གི་ཁྲིམས་རྩོད་པ་ཐུག་འཕྲད་བྱེད་མ་བཅུག་པའི་རྒྱ་ནག་གི་བྱ་སྤྱོད་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐྱོན་བརྗོད་བྱས་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་ནས་ཆབ་སྲིད་བཙོན་པ་བཀྲིས་དབང་ཕྱུག་ལགས་ལ་ཁྲིམས་ལུགས་དང་མི་མཐུན་པའི་ཐོག་ནས་ཉེས་ཆད་བཀལ་བ་དང་། ཡང་ཉེ་ཆར་ཕྱི་ཟླ་ ༡ ཚེས་ ༡༥ ཉིན་ཁོང་གི་ཁྲིམས་རྩོད་པ་དང་ཐུག་འཕྲད་བྱེད་མ་བཅུག་པ་སོགས་རྒྱ་ནི་ནག་གཞུང་གིས་བོད་མིའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཐོག་སྲིད་བྱུས་བཟུང་སྟངས་ཀྱི་རྣམ་འགྱུར་གསལ་པོར་བསྟན་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག
བཀྲིས་དབང་ཕྱུག་ལགས་ནི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བ་ཞིག་ཡིན་ཞིང་། ཕྱི་ལོ ༢༠༡༩ ཟླ་ ༡ ཚེས་ ༢༧ ཉིན་མོ་འདི་ནི་ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ལོ་ངོ་གསུམ་ཧྲིལ་པོ་འཁོར་ཡོད་པ་རེད། བཀྲིས་དབང་ཕྱུགས་ལགས་ཀྱིས་ཨ་རིའི་ནིའུ་ཡོཀ་ཊཡིམསྀ་གསར་ལས་ཁང་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་ཕྱོགས་དང་འབྲེལ་བའི་གནད་དོན་སྐོར་དངོས་བྱུང་བརྙན་འཕྲིན་ལས་རིམ་ཞིག་གི་ཐོག་བཀའ་མོལ་གནང་པ་དེ་ནི་རྒྱ་ནག་གཞུང་གིས་ཁ་བྲལ་དུ་ངོས་འཛིན་ཐོག་ ༢༠༡༨ ཕྱི་ཟླ་ ༥ ཚེས་ ༢ ཉིན་ཁྲིམས་ཐོག་ནས་ཁོང་ལ་ལོ་ལྔའི་བཙོན་འཇུག་གི་ཉེས་ཆད་གཏན་བེབས་བྱས་ཡོད་པ་རེད།
བཀྲིས་དབང་ཕྱུག་ཁྲིམས་རྩོད་པའི་གྲས་(Lin Qilei) ཟི་ལིང་གི་དྲོང་ཆུན་ཞེས་པའི་བཙོན་ཁང་ནང་བཀྲིས་དབང་ཕྱུག་ལགས་ཀྱི་གཟུགས་པོའི་གནས་སྟངས་དང་། ལྷག་པར་དུ་ཁོང་གི་ཐོག་བཀེལ་བའི་ཉེས་ཆད་ཀྱི་གནད་དོན་ཁྲིམས་ཐོག་ནས་བསྐྱར་དུ་ཞུ་གཏུགས་བྱེད་རྒྱུའི་གནད་དོན་སོགས་ཀྱི་སྐོར་གྲོས་བསྡུར་གནང་རྒྱུའི་ཆེད་ཐུག་འཕྲད་ཡོང་རྒྱུའི་འབོད་སྐུལ་ཞུས་འདུག་ཀྱང་། བཙོན་ཁང་གི་ལས་བྱེད་པས་བཀྲིས་དབང་ཕྱུག་ལགས་ཀྱི་ཐོག་བཀེལ་བའི་ནག་ཉེས་ནི་ཚོར་བ་རྣོ་བའི་རང་བཞིན་ཞིག་ཡིན་སྟབས། གོང་རིམ་མཐོ་གྲས་སུ་བཀའ་འདྲི་ཞུས་ན་མ་གཏོགས་ང་ཚོས་ཐད་ཀར་ཆོག་མཆན་སྤྲོད་ཐུབ་ཀྱི་མ་རེད་ཅེས་བཤད་ནས་ཐུག་འཕྲད་བྱེད་བཅུག་མེད་པ་རེད།
ཨ་མི་རི་ཀ་དང་ཡོ་རོབ་མཐུན་ཚོགས། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་བཀྲིས་དབང་ཕྱུག་ལགས་ཀྱི་ཐོག་བཙོན་འཇུག་གི་ཁྲིམས་ཐག་བཅད་པར་སྐྱོན་བརྗོད་དང་ཁོང་སྔོན་འགྲོ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་གྲོལ་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད་ལ། མང་གཙོའི་ཡུལ་གྲུ་ཁག་གི་གྲོས་ཚོགས་ནང་གླེང་སློང་ཡང་འབྱུང་བཞིན་ཡོད་པ་རེད། བོད་མིའི་འགྲོ་བ་མིའི་ཐོབ་དར་སྤེལ་དང་ཡོ་རོབ་དང་ཨ་རིའི་གཞུང་དང་གྲོས་ཚོགས་སུ་བོད་དོན་ཞུ་གཏུགས་གནང་མཁན་གྱི་སྒྲིག་འཛུགས་ཆེ་ཤོས་གྲས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་ མ་ཏེའོ་མེ་ཀ་ཅི་ལགས་ཀྱིས་(Matteo Mecacci) རྒྱ་ནག་གིས་བཀྲིས་དབང་ཕྱུག་ལགས་ཐོག་ཁྲིམས་མཐུན་མིན་པའི་དྲག་གནོན་དང་ཁྲིམས་ཆད་བཏང་བ་ཞིག་ཡིན་པ་དང་དེས་རྒྱ་ནག་གཞུང་གི་དབང་འོག་བོད་མི་ཚོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུར་ཉེན་ཁ་གང་འདྲ་ཡོད་མེད་གསལ་པོ་ཤེས་རྟོག་ཐུབ་པ་ཞིག་རེད་ལ་ཨ་རིའི་ནིའུ་ཡོག་དུས་བབ་གསར་ཁང་གི་བཅར་འདྲིར་ལན་འདེབས་བྱས་པའི་རྐྱེན་གྱིས་བཙོན་བཅུག་བྱེད་པ་དེ་ནི་རྒྱ་ནག་གཞུང་གིས་གསར་འགོད་རང་དབང་ལའང་བརྩི་སྲུང་མི་བྱེད་པའི་བྱ་སྤྱོད་གསལ་སྟོན་བྱས་པ་ཞིག་ཡིན་པའི་སྐྱོན་བརྗོད་གནང་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།