རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་བཙན་བྱོལ་བོད་མི་རྣམས་ལ་དྲག་གནོན་བྱེད་བཞིན་པའི་སྐོར་ལ་སྙན་ཐོ་ཞིག་བཏོན་འདུག

2024.02.07
རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་བཙན་བྱོལ་བོད་མི་རྣམས་ལ་དྲག་གནོན་བྱེད་བཞིན་པའི་སྐོར་ལ་སྙན་ཐོ་ཞིག་བཏོན་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྙན་ཐོ་འདོན་སྤེལ་སྐབས། ༠༢།༠༦།༢༠༢༤
FNVA

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་བཞིན་པའི་སྐོར་གྱི་སྙན་ཐོ་ཞིག་བཏོན་ནས། རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ནས་བཙན་བྱོལ་ཁྲོད་ཀྱི་བོད་མིར་དྲག་གནོན་བྱས་ཚུལ་ཐེར་འདོན་བྱས་ཡོད་པ་རེད།
དེ་ཡང་ཟླ་༢པའི་ཚེས་༦ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱས་པའི་སྐོར་གྱི་སྙན་ཐོ་(Chinese Transnational Repression of Tibetan Diaspora Communities)་ཞིག་འདོན་སྤེལ་གནང་ཡོད་པ་དང་། དེ་ནི་རྒྱ་ནག་པེ་ཅིང་གཞུང་གིས་གོ་ལ་ཧྲིལ་བོ་ན་རྒྱལ་མཚམས་བརྒལ་ནས་བོད་མིར་དྲག་གནོན་བྱས་དང་བྱེད་བཞིན་པའི་བྱ་སྤྱོད་རིགས་ཐེར་འདོན་བྱས་པའི་སྙན་ཐོ་དང་པོ་དེ་ཡིན་ཞིང་། སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བཙན་བྱོལ་ཁྲོད་ཀྱི་བོད་མིར་དྲག་གནོན་བྱེད་ཐབས་རིགས་ཁ་ཤས་ཤིག་ལུངས་དྲངས་པའི་ནང་། རྒྱ་ནག་གཞུང་གིས་ཚན་རིག་ལག་རྩལ་སྤྱད་ནས་བཙན་བྱོལ་ཁྲོད་ཀྱི་བོད་མི་དང་དེ་ཡི་ནང་མི་བར་གྱི་འབྲེལ་བ་གཅོད་པ་དང་། རྒྱ་ནག་གཞུང་གིས་བཙན་བྱོལ་ཁྲོད་ཀྱི་བོད་མིར་སོ་ལྟ་དང་མི་སྒེར་གྱི་ཡིག་ཆ་བསྡུ་རུབ་བྱས་རྗེས། ཡིག་ཆ་དེ་དག་སིམ་འཛུལ་དང་འཇིགས་སྐུལ་གྱི་ལག་ཆར་བེད་སྤྱོད་བྱེད་པ། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་བྱ་སྤྱོད་ལ་སྟངས་འཛིན་བྱས་ཏེ་དེ་ཚོ་རྒྱ་ནག་གཞུང་གི་མི་འདོད་པའི་ལས་འགུལ་སོགས་སུ་ཞུགས་རྒྱུར་འགོག་ཐབས། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་དངོས་པོ་དང་བསམ་བློའི་འཚོ་ཐབས་ལ་གཏོར་བརླག་གཏོང་བ་སོགས་ཐེར་འདོན་གནང་འདུག་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ཀྱི་སྙན་ཐོ་འདི་བཞིན་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་རྒྱལ་མཚམས་བརྒལ་ནས་དྲག་གནོན་བཏང་ཡོད་པའི་བོད་མི་དང་ཁོང་ཚོའི་ཉེ་འབྲེལ་ཚོར་དངོས་སུ་ཐུག་ནས་འདྲི་རྩད་ཞིབ་འཇུག་བྱས་བའི་གྲུབ་དོན་ལྟར་བཏོན་པའི་སྙན་ཐོ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་དམིགས་བསལ་ཚོགས་སྡེ་དང་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་ཡུལ་དུ་གྱུར་བའི་བོད་མིའི་སྤྱི་ཚོགས་ལ་སྲུང་སྐྱོབ་གནང་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་ནན་པོའི་ཐོག་ནས་བཙན་བྱོལ་བོད་མིའི་བདེ་འཇགས་སྲུང་སྐྱོབ་དང་། རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་དགོས་པའི་འབོད་སྐུལ་གནང་འདུག
སྙན་ཐོ་དེ་དང་འབྲེལ་ནས་ལྟེ་གནས་ཁང་དེས་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་མཚམས་བརྒལ་ནས་གཉའ་གནོན་བཏང་བའི་མི་མང་དག་ཅིག་གི་གནད་དོན་སྙན་ཐོ་འདྲ་མིན་ལ་བཀོད་ཟིན་ཡོད་ཀྱང་། ད་བར་དུ་བཙན་བྱོལ་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་ཐེབས་པའི་སྐོར་གྱི་གནད་དོན་གླེང་སློང་བྱས་པ་ཤིན་ཏུ་ཉུང་། དེའི་རྒྱུ་མཚན་གཙོ་བོ་ནི་བོད་མི་ཚོས་རྒྱ་ནག་གི་གནོན་ཤུགས་དེ་དག་ཧ་ཅང་རྒྱུན་ལྡན་ཅན་དུ་བརྩིས་ནས་ཡོད་པས་ཡིན་པ་གསལ་སྟོན་བྱས་འདུག
རྒྱལ་མཚམས་བརྒལ་ནས་དྲག་གནོན་ཞེས་པ་དེ་ནི། གཞུང་ཞིག་གིས་རྒྱལ་ཁབ་གཞན་དག་ན་ཡོད་པའི་རང་གི་མི་དམངས་དང་ཡང་ན་བཙན་བྱོལ་ཁྲོད་ཀྱི་གཞུང་དང་ལྟ་སྤྱོད་མི་མཐུན་པ་ཚོར་དྲག་གནོན་བྱས་པའི་བྱ་སྤྱོད་ལ་གོ་དགོས་བ་དང་། རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་མཁན་ནི་ནམ་རྒྱུན་སྲིད་དབང་སྒེར་གཅོད་གཞུང་དག་ཡིན་ཞིང་། རྒྱལ་ནང་དང་ཕྱིའི་རྒྱལ་ཁབ་ཁག་ན་ཡོད་པའི་མི་ཚང་མ་གཞུང་གིས་སྟངས་འཛིན་བྱེད་འདོད་གྱི་བྱ་སྤྱོད་ཅིག་ཀྱང་ཡིན་པ་རེད།


གསར་འགོད་པ། སྟག་ལྷ་རྒྱལ། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྡེ་དགེ་དབོན་སྟོད་ཁུལ་དུ་ཁྱོན་མི་གྲངས་༡༠༠༠ལྷག་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎