བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ངས་ལོ་སར་དགའ་སྟོན་ལ་མི་རོལ།
2018.02.16
བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ཀྱིས་ཨོ་སུ་ཀྲོ་ལི་ཡའི་མེ་བྷུམ་གྲོང་ཁྱེར་ནང་བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ངས་ལོ་མི་སར་ཞེས་པའི་ལས་འགུལ་ཐེངས་ལྔ་བ་དེ་སྤེལ་ཡོད་པ་རེད།
དེ་ཡང་སྤྱི་ཟླ་༢ ཚེས་༡༦ བོད་ཀྱི་ལོ་སར་ཚེས་གཅིག་ཉིན་མོའི་སྔ་དྲོའི་ཆུ་ཚོད་དགུ་བ་ནས་བཟུང་ཆུ་ཚོད་བཅུ་གཉིས་རིང་བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ཀྱིས་ཨོ་གླིང་གི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་མེ་བྷུམ་གྱི་མངའ་སྡེའི་དཔེ་མཛོད་མདུན་ཐང་དུ་ཟས་བཅད་ངོ་རྒོལ་གནང་བ་མ་ཟད། བོད་མི་རང་ལུས་མེ་སྲེག་སྐོར་གྱི་ཡིག་ཆ་བཀྲམ་པ་ནས་ལས་འགུལ་སྤེལ་ཡོད་ལ་དེའི་ཐད་ཁོང་གིས་འདི་ག་རླུང་འཕྲིན་ཁང་ལ་གསུང་དོན། བོད་ཀྱི་ལོ་སར་ཚེས་གཅིག་ཉིན་གྱི་ལས་འགུལ་ཡག་པོ་བྱུང་སོང་། དོ་སྣང་བྱེད་མཁན་མང་པོ་འདུག་ཟེར།
དེ་བཞིན་བོད་མིས་ཅིའི་ཕྱིར་རང་ལུས་མེར་བསྲེག་སྐོར་གཏོང་དགོས་པའི་སྐོར་འགྲེམས་སྤེལ་ཡིག་ཆ་དེའི་ནང་བཀོད་ནས། བསྟན་པ་དར་རྒྱས་ལགས་ཀྱིས་བོད་མི་རིགས་ཀྱིས་མྱངས་དང་མྱོང་བཞིན་པའི་ཚད་བརྒལ་གྱི་མནར་གཅོད་དང་སྡུག་ཡུས་ལ་སྤྱན་མིག་ཅུང་ཙམ་གཡོ་རོགས་ཞེས་ནན་སྐུལ་ཞུ་བཞིན་ཡོད། ང་ཚོ་ནི་གོ་ལ་གཅིག་གི་ནང་དུ་འཚོ་སྡོད་བྱས་ཡོད་པའི་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན། རྒྱུ་མཚན་དེའི་ཕྱིར་ན་འགྲོ་བ་མི་སུ་ཞིག་ལ་དཀའ་ངལ་འཕྲད་ན་ཕན་ཚུན་རོགས་རེས་དང་སྐྱིད་སྡུག་མཉམ་མྱོང་དགོས་རྒྱུ་ནི་ང་ཚོའི་ཡོལ་ཐབས་མེད་པའི་ལས་འགན་ཡིན་པ་མ་བརྗེད་པར་གྱིས་ཅེས་འབོད་སྐུལ་ཞུས་ཡོད་པ་རེད། དེ་བཞིན་ལས་འགུལ་དེ་སྤེལ་སྐབས། བོད་ཀྱི་ཆབ་སྲིད་བཙོན་ཟུར་བྱམས་པ་ཆོས་གྲགས་ལགས་དང་བཀྲིས་རྣམ་དག་ལགས། བཀྲིས་གནམ་རྒྱལ་ལགས། འཆི་མེད་རྡོ་རྗེ་སོགས་ལས་འགུལ་ནང་མཉམ་བཞུགས་གནང་ཡོད་པ་རེད།
གསར་འགོད་པ་ལྕགས་མོ་འཚོ།