༧གོང་ས་མཆོག་ལ་སློབ་དཔོན་ཆེན་པོའི་མཚན་བསྟོད་ཕུལ་བ།

ཐུ་ལྦ་སྤྱི་མཐུན་མངའ་ཁུལ་གྱི་གཙུག་ལག་སློབ་གྲྭ་ཆེན་མོས་༧གོང་ས་མཆོག་ལ་སློབ་དཔོན་ཆེན་མོའི་མཁས་དབང་གི་ཕྱག་འཁྱེར་ཕུལ་འདུག

2011-12-21
Share

༄༅༎དེ་རིང་བཞུགས་སྒར་རྡ་རམ་ས་ལར། ཨུ་རུ་སུའི་ཐུ་ལྦ་སྤྱི་མཐུན་མངའ་ཁུལ་གྱི་གཙུག་ལག་སློབ་གྲྭ་ཆེན་མོས་ ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སློབ་དཔོན་ཆེན་མོའི་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་འདུག།
སྐབས་དེར་ ཁལ་མུཀ་ནང་བསྟན་གཙོ་འཛིན་ ཏེ་ལོ་རིན་པོ་ཆེ་མཆོག་གིས་ཨུ་རུ་སུའི་ནང་པ་ཡོངས་ཀྱི་ཚབ་གནང་སྟེ་གསུང་བཤད་གནང་བའི་ནང༌། ཐོག་མའི་འཆར་གཞིར་ཨུ་རུ་སུ་ཁུལ་གྱི་ནང་པ་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མངའ་ནས་ལོ་གསུམ་རིང་བཀའ་དབང་ཞུ་རྒྱུ་གནང་བ་དེ། དེ་རིང་མཇུག་སྒྲིལ་གནང་བ་དང༌། འདས་པའི་ལོ་གཉིས་རིང་ཆོས་ཞུ་བའི་གྲངས་འབོར་མང་དུ་ཕྱིན་ཡོད་དུས། མང་ཚོགས་ལ་ཕན་ཐོགས་ཆེན་པོ་ཡོད་པའི་རྣམ་པ་ཡོད་སྟབས་། དེ་གར་ཕེབས་པའི་ཆོས་ཞུ་བ་ཚང་མའི་ཚབ་ཞུས་ཏེ། ཏེ་ལོ་རིན་པོ་ཆེ་མཆོག་གིས་ ༧གོང་ས་མཆོག་ནས་སླད་ཕྱིན་གསུང་ཆོས་མུ་མཐུད་གནང་སྐྱོང་ཡོང་བའི་སྐྱབས་འཇུག་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་གང་ཉིད་ཀྱིས་བཀའ་བཞེས་བཟང་པོ་ཐོབ་ཡོད་པ་རེད།
དེ་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ དེ་སྔ་༧གོང་ས་མཆོག་ ཐུ་ལྦ་ལ་ཐེངས་གཅིག་ཕེབས་ཡོད་པ་དང༌། རྗེས་སུ་ཆབ་སྲིད་ཀྱི་གནས་སྟངས་ཀྱི་རྐྱེན་པས་༧གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་ཐུབ་མེད་ཀྱང་ཐུ་ལྦ་ས་ཁུལ་གཙོ་བོར་གྱུར་བའི་ཁལ་མུཀ་དང་སྦུར་ཡ་ཏི་ནས་དད་ལྡན་པ་ཧ་ལམ་རྒྱུན་མ་ཆད་པ་བཞུགས་སྒར་དུ་བཅར་གྱི་ཡོད་པ་དང་ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ཆོས་འབྲེལ་གནང་ཡག་བྱུང་བའི་སྐོར་བཀའ་གནང་བ་དང་འབྲེལ། ད་རེས་ཐུ་ལྦ་གཙུག་ལག་སློབ་གྲྭ་ཆེན་མོས་ ༧གོང་ས་མཆོག་ལ་མཁས་པའི་ཕྱག་འཁྱེར་འབུལ་ལམ་ཞུས་པར་དེར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་གནང་མཛད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།