༸གོང་ས་མཆོག་གིས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོར་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་དམིགས་བསལ་གྱི་འགན་ཡོད་པ་ཟངས་དཀར་ཁུལ་དུ་བཀའ་སྩལ་བ།

2022.08.11
Share on WhatsApp
Share on WhatsApp
༸གོང་ས་མཆོག་གིས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོར་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་དམིགས་བསལ་གྱི་འགན་ཡོད་པ་ཟངས་དཀར་ཁུལ་དུ་བཀའ་སྩལ་བ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཟངས་དཀར་ཞབས་སོར་བདེ་བར་འཁོད་པ། ༢༠༢༢།༠༨།༡༡
RFA

ཕྱི་ལོ་ ༢༠༢༢ ཟླ་བ་ ༨ པའི་ཚེས་ ༡༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་ལིང་ཤེད་ནས་ཐད་འཕུར་གནམ་གྲུ་བརྒྱུད་ཟངས་དཀར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་འདུག་ཅིང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་མི་མང་ཚོར་བཀའ་སློབ་སྩལ་བའི་ནང་། ལ་དྭགས་ཚུད་པའི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་མང་རྣམས་མང་གཙོ་དང་རང་དབང་གི་ཐོག་ནས་གནས་ཡོད་པས། སོ་སོའི་ཕ་མེས་ནས་དར་སྤེལ་བྱུང་བའི་ཆོས་དེ་མུ་མཐུད་བདག་གཅེས་གནང་དགོས་གལ་ཆེ་ཞིང་། ལྷག་དོན་དུ་བོད་ཀྱི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོར་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་ཆོས་རྒྱུན་འཛིན་ཐོག་དམིགས་བསལ་གྱི་འགན་ཡོད་པ་བཀའ་གནང་འདུག

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན། བོད་གངས་ཅན་ལྗོངས་ལ་ཡོད་པའི་སངས་རྒྱས་པའི་ཆོས་དེས་འཛམ་གླིང་སྤྱི་ཡོངས་ལ་ཕན་པའི་ཞབས་འདེགས་གྲུབ་ཐུབ་པ་མ་ཟད། ནང་སེམས་ཞི་བདེ་ཡོང་བར་ཏན་ཏན་ཕན་ཐོགས་ཡོད་པས། དེར་དད་པ་བྱས་པ་ཙམ་མིན་པར།  སློབ་གཉེར་རྒྱ་ཆེར་གནང་དགོས་གལ་ཆེ་བའི་སྐོར་བཀའ་གནང་འདུག

སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་པའི་སློབ་གྲྭ་ཁག་གི་ནང་ཆོས་ངོ་སྤྲོད་གནང་མཁན་ཚོར་ཆོས་དགེ་ཞེས་འབོད་ན། འགྲིག་གི་མེད་པའི་སྐོར་བཀའ་སློབ་ཡང་ཡང་སྩལ་མུས་ཡིན་པ་བཞིན། ད་རེས་ཟངས་དཀར་ཁུལ་དུ་ཡང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སློབ་གྲྭ་ཁག་གི་ཆོས་དགེ་ཚོར་ལྟ་གྲུབ་སློབ་དཔོན་ནམ་ལྟ་གྲུབ་དགེ་རྒན་ཞེས་མིང་རྟགས་དགོས་པའི་གལ་གནད་སྐོར་བཀའ་སློབ་ཕེབས་འདུག 

IMG_20220811_160010_076.jpg

སང་ཉིན་ཕྱི་ཚེས་ ༡༢ རེས་གཟའ་པ་སངས་ཉིན་ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་ཁུལ་དུ་སེམས་བསྐྱེད་ཀྱི་ཆོས་འབྲེལ་གཙོས་པས་ཉིན་གསུམ་རིང་བཀའ་ཆོས་བཀའ་དྲིན་བསྩལ་གནང་མཛད་རྒྱུ་ཡིན་འདུག

གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཟངས་དཀར་ཁུལ་དུ་ལེན་མང་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་མ་ཟད། ཕྱི་ལོ་ ༡༩༨༨ ལོར་༸གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་ ༡༢ པ་དེ་ཟངས་དཀར་ཁུལ་གནང་ཡོད་པ་རེད། ཕྱི་ལོ་ ༢༠༡༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེར་ཆིབས་བསྒྱུར་བསྐྱངས་པའི་སྐབས། ཟངས་དཀར་འཕྲོད་བསྟེན་སྨན་ཁང་དང་་། གསོ་རིག་ཉམས་ཞིབ་ཁང་གཉིས་དབུ་འབྱེད་རབ་གནས་མཛད་ཡོད་ཅིང་། དེ་གཉིས་ནི་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་མཐུན་འགྱུར་རོགས་རམ་འོག་གསར་བཞེངས་གནང་བ་ཞིག་ཡིན་འདུག 

གསར་འགོད་པ།  བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎