གཞུང་ཞབས་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་སྲི་ཞུ་བ་གཞོན་སྐྱེས་མང་པོ་ཞིག་རང་གི་བུ་ཕྲུག་བཞིན་གསོ་སྐྱོང་གནང་ཡོད་འདུག

2022.06.06
Share on WhatsApp
Share on WhatsApp
གཞུང་ཞབས་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་སྲི་ཞུ་བ་གཞོན་སྐྱེས་མང་པོ་ཞིག་རང་གི་བུ་ཕྲུག་བཞིན་གསོ་སྐྱོང་གནང་ཡོད་འདུག ༸གོང་ས་མཆོག་གིས་གཞུང་ཞབས་ཟུར་པ་ཐུབ་བསྟན་བསམ་འཕེལ་ལ་མཇལ་ཁ་སྩལ་བ། ༢༠༡༧
OHHDL

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་དང་རྩོམ་པ་པོ་ཐུབ་བསྟན་བསམ་འཕེལ་ལགས་ནི་ཕྱི་ལོ་ ༢༠༢༢  ཟླ་བ་ ༦ ཚེས་༤ ཉིན་རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་བོད་མིའི་གཞིས་ཆགས་སུ་དགོངས་པ་རྫོགས་ཡོད་པ་རེད། ཁོང་གིས་ལོ་ངོ་ ༣༨ ལྷག་རིང་བཙན་བྱོལ་བོད་གཞུང་ནང་དམའ་རིམ་ནས་དྲུང་ཆེ་ཆུང་དང་། བོད་ལ་དངོས་ཐོག་བདེན་འཚོལ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དབྱིན་དྲུང་གནས་རིམ་ཐོག་དྲུང་གཞོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སོགས་ཀྱི་ནང་ཞབས་ཕྱི་སྒྲུབ་གནང་ཡོད་པ་རེད།

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་པ་དང་བཀའ་ཟུར་བསྟན་པ་ཚེ་རིང་ལགས་དང་ཐུབ་བསྟན་བསམ་འཕེལ་ལགས་རྣམ་གཉིས་གཅིག་སྟོང་དགུ་བརྒྱ་དྲུག་བཅུ་རེ་གྲངས་ཙམ་ནས་ཀ་སྦུག་ཏུ་རྟེན་གཞི་བྱས་པའི་(Dr. Graham’s Homes)དབྱིན་ཇི་སློབ་གྲྭའི་ནང་ཐོག་མར་ཐུག་འཕྲད་བྱུང་ནས་བཟུང་ཁོང་གཉིས་དབར་དམིགས་བསལ་གྱི་འབྲེལ་བ་ཞིག་བྱུང་འདུག་ལ། བསམ་འཕེལ་ལགས་ཆུང་དུས་ནས་མི་ཚང་མས་དགའ་པོ་བྱེད་ཡུལ་གྱི་མི་སྣ་ཞིག་ཡིན་འདུག 

དྲུང་ཆེ་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་ལྡི་ལི་St. Stephen’s College)མཐོ་སློབ་ཏུ་སློབ་མཐར་ཕྱིན་པའི་རྗེས། ཕྱི་ལོ་ ༡༩༧༧ ཙམ་ལ་སྐབས་དེའི་བཙན་བྱོལ་བོད་གཞུང་དུ་དབྱིན་ཇིའི་སྐད་ཡིག་ཚད་ལྡན་ཤེས་མཁན་དགོས་མཁོ་ཤིན་དུ་ཆེ་བས། བཙན་བྱོལ་བོད་གཞུང་གིས་ཆེད་མངགས་དམ་པ་ཁོང་སྐད་བཏང་སྟེ། ཕྱི་དྲིལ་ལས་ཁུངས་སུ་དྲིལ་བསྒྲགས་དབྱིན་ཡིག་རྩོམ་སྒྲིག་པ་རྒན་དྲུང་དུ་བསྐོ་གཞག་གནང་འདུག 

ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཕྱི་ལོ་༢༠༠༠ ལོར་བོད་མིའི་སྒྲིག་སྒྲིག་འཛུགས་ནང་ཕྱག་ལས་གནང་འགོ་འཛུགས་པའི་སྐབས་དེར། སྐུ་ངོ་ཐུབ་བསྟན་བསམ་འཕེལ་ལགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཡིན་འདུག་ཅིང་། དུས་དེ་ནས་བཟུང་ཁོང་གཉིས་བར་མི་ལོ་༢༠ ལྷག་རིང་སྒེར་དོན་གཉིས་ཀྱི་ཐོག་དམིགས་བསལ་གྱི་འབྲེལ་བ་ཞིག་བྱུང་འདུག་ལ།  སྐུ་ངོ་བསམ་འཕེལ་ལགས་བློ་བུར་དུ་འདས་གྲོངས་སུ་ཕྱིན་པ་དེ་ནི་བོད་མིའི་སྒྲིག་འཛུགས་ཙམ་མིན་པར་བོད་སྤྱི་ལ་གྱོང་གུན་ཡིན་པ་ངོས་འཛིན་གནང་གི་འདུག 

ཕྱི་ལོ་༢༠༡༢ ཟླ་ ༣ ཚེས་ ༠༢ ཉིན་དྲུང་ཟུར་ཐུབ་བསྟན་བསམ་འཕེལ་ལགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྐོ་བཞག་གནང་ཏེ་༢༠༡༨ ལོའི་ཟླ་བ་ ༡༡ བར་འགན་འཛིན་གྱི་ལས་ཁུར་ཞུས་པའི་རིང་། སྲིད་བྱུས་ཉམས་ཞིབ་ཁང་དེ་བཞིན་དེང་རབས་ཀྱི་ཉམས་ཞིབ་བྱེད་སའི་ལྟེ་གནས་ཤིག་ཏུ་བསྐྲུན་ཐུབ་པ་བྱུང་འདུག། ཁོང་གི་ལམ་སྟོན་སྣེ་ཁྲིད་འོག་ད་བར་བོད་མི་ཉམས་ཞིབ་པ་མང་དག་ཅིག་གསོ་སྐྱོང་གནང་ཡོད་ལ། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྒན་གྲས་བསྟན་འཛིན་ཚེ་བརྟན་ལགས་ཀྱིས་ཁོང་རང་ཉིད་ལ་ད་ལྟའི་ཆར་ཉམས་ཞིབ་པའི་མིང་ཙམ་ཐོབ་པ་དེ་གཙོ་བོ་སྐུ་ངོ་བསམ་འཕེལ་ལགས་ཀྱི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཡིན་པ་འགྲེལ་བརྗོད་བྱུང་།  

དེ་དང་ཕྱོགས་མཚུངས་སྐུ་ངོ་བསམ་འཕེལ་ལགས་ཀྱིས་ད་བར་བོད་དོན་སྐོར་རྒྱ་གར་དང་རྒྱལ་སྤྱིའི་གསར་ཤོག་དང་དུས་དེབ་ཆེ་གྲས་མང་པོའི་ནང་རྩོམ་ཡིག་སྤེལ་གནང་ཡོད་པ་མ་ཟད་བོད་ཀྱི་ཏཱ་ལའི་བླ་མ་(The Dalai Lama of Tibet)ལ་སོགས་པའི་དབྱིན་ཡིག་ནང་དཔེ་དེབ་ཁག་ཅིག་བརྩམས་ཡོད་པ་དེས་བོད་པའི་ཉམས་ཞིབ་པ་ཙམ་མིན་པར་ཕྱི་རྒྱལ་གྱི་གནད་དོན་དབྱེ་ཞིབ་པ་མི་ཉུང་བ་ཞིག་ལ་སེམས་སྒུལ་ཆེན་པོ་ཐེབས་ཡོད་འདུག དཔེར་ན། བོད་རིག་པའི་མཁས་དབང་དང་རྩོམ་པ་པོ་སྐུ་ཞབས་Claude Arpi ལགས་ནི་རྒྱུན་དུ་ནས་བསམ་འཕེལ་ལགས་ཀྱི་རྩོམ་ཡིག་ལ་ཡིད་སྨོན་དང་དོ་སྣང་གནང་མཁན་ཞིག་ཡིན་འདུག  བསམ་འཕེལ་ལགས་ཀྱིས་བརྩམས་པའི་དཔེ་དེབ་གསར་ཤོས་ཟངས་ཀྱི་རི་(Copper Mountain) ཞེས་པ་དེ་ནི་ཚང་མས་ངེས་པར་དུ་ཀློག་དགོས་པའི་དཔེ་དེབ་ཤིག་རེད་འདུག། དཔེ་དེབ་དེའི་ནང་དོན་དངོས་རྒྱ་ནག་གཞུང་གིས་བོད་ནང་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་སྐོར་ཁ་གསལ་བཀོད་སྤེལ་བྱེད་འདུག་པས། ངོས་ཀྱི་སེམས་ལ་ཡང་ཧ་ཅག་ཟུག་པོ་བྱུང་ཞེས་རྩོམ་པ་པོ་སྐུ་ཞབས་Claude Arpiལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།  ཡང་དྲུང་ཆེ་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་ནི་ཕྱི་ལོ་༡༩༨༥ ལོར་བོད་ལ་དངོས་ཐོག་བདེན་འཚོལ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མིའི་ངོ་བོའི་ཐོག་ནས་ཆེད་ཕེབས་གནང་ཡོད་པ་རེད།

གཞན་ཡང་དྲུང་ཆེ་ཟུར་པ་དང་རྩོམ་པ་པོ་ཐུབ་བསྟན་བསམ་འཕེལ་ལགས་ནི་ཕྱི་ལོ་ ༡༩༥༦ ཟླ་བ་ ༡༡ ཚེས་ ༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་། དགུང་ལོ་དྲུག་ཕེབས་སྐབས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་བོད་ཕྲུག་ཁྱིམ་སྡེ་ནས་སློབ་སྦྱོང་གནང་ཞིང་། དེ་ནས་རྒྱ་གར་ནང་མཐོ་སློབ་སློབ་གཉེར་ཚར་བའི་རྗེས། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་ཀོ་ལུམ་བྷི་ཡ་(Columbia University)གཙུག་ལག་སློབ་ཆེན་ནས་གསར་འགོད་ལས་རིགས་ཐོག་སློབ་མཐར་ཕྱིན་ཡོད་འདུག

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎