ཐུབ་བསྟན་དབང་ཆེན་ལགས་བོད་མི་མང་སྤྱི་འཐུས་ནས་རང་བཞིན་གྱིས་འཕོས་དགོས་བྱུང་འདུག

2020-04-03
གློག་འཕྲིན།
མཆན།
Share
པར་བཀོད།
ཐུབ་བསྟན་དབང་ཆེན་ལགས།
ཐུབ་བསྟན་དབང་ཆེན་ལགས།
པར་ཚགས།

ཡོ་རོབ་དང་ལྷོ་ཨ་ཧྥི་རི་ཀ་ཁུལ་གྱི་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་གྲོས་ཚོགས་ཚོགས་དུས་གཉིས་བསྟུད་མར་ཚོགས་བཅར་མ་ཐུབ་པར་སོང་སྒྲིག་ཁྲིམས་ནང་གསལ་སྤྱི་འཐུས་ནས་རང་བཞིན་གྱིས་འཕོས་དགོས་བྱུང་འདུག
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོ་རོབ་དང་ལྷོ་ཨ་ཧྥི་རི་ཀ་ཁུལ་གྱི་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་གྲོས་ཚོགས་ཚོགས་དུས་གཉིས་ལ་བསྟུད་མར་ཚོགས་བཅར་མ་ཐུབ་པར་སོང་། སྒྲིག་ཁྲིམས་ནང་གསལ་རང་བཞིན་གྱིས་སྤྱི་འཐུས་ནས་འཕོས་དགོས་བྱུང་ཡོད་པ་དང་། དེའི་ཐད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱི་འགྲེལ་བརྗོད་དོན། དེང་སྐབས་འཛམ་གླིང་ནང་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཀྱི་རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་འགྲུལ་བཞུད་ལ་དམ་དྲག་ཤུགས་ཆེ་བྱེད་ཡོད་པ་མ་ཟད། ཡོ་རོབ་ནས་རྒྱ་གར་ནང་ཡོང་རྒྱུར་མཐོང་མཆན་(Visa)་སྤྲོད་རྒྱུ་མཚམས་འཇོག་བྱས་བ་བཅས་ཀྱི་གནས་སྟངས་འོག་ནས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཚོགས་བཅར་ཐུབ་པའི་ཆེད་དུ། ཚོགས་དྲུང་ལས་ཁུངས་ནས་གཞུང་འབྲེལ་ཐབས་ཤེས་སྣ་ཚོགས་ཤིག་གནང་བའི་ཁར། ཐུབ་བསྟན་དབང་ཆེན་ལགས་ཁོང་རང་ཉིད་ནས་ཀྱང་ཐབས་ཤེས་གནང་ཡོད་ཀྱང་གྲུབ་འབྲས་མ་ཐོན་པར་སོང་། སྒྲིག་གཞིའི་ཐོག་ནས་སྐབས་གཉིས་བསྟུད་མར་ཚོགས་བཅར་མ་ཐུབ་ཚེ་སྤྱི་འཐུས་ནས་འཕོས་དགོས་གསལ་བ་ལྟར། ཚོགས་དྲུང་ལས་ཁང་ནས་ཟླ་༣་ཚེས་༢༣་ཉིན་དབུས་འོས་བསྡུ་ལས་ཁང་ལ་སྒྲིག་གཞི་ལྟར་ཕྱག་བསྟར་ཡོང་བའི་ཕྱག་ཡིག་ཕུལ་གནང་ཡོད་པ་གསུང་གནང་བྱུང་།
འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དབང་འདུས་ཚེ་རིང་ལགས་ཀྱིས། ཚོགས་དྲུང་ལས་ཁུང་གི་ཕྱག་ཡིག་ལྟར་སྒྲིག་དོན་སྒུག་ཐོ་དང་པོ་དབང་པོ་བཀྲས་མཐོང་ལགས་སུ། སྐབས་བཅུ་དྲུག་པའི་ཡོ་རོབ་དང་ལྷོ་ཨ་ཧྥི་རི་ཀའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་བའི་ཕྱག་བྲིས་ཕུལ་ཟིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས་ད་ལྟ་འཛམ་གླིང་ཁྱོན་ཡོངས་ནང་ཛ་དྲག་གི་གནས་སྐབས་འདིར། དབང་པོ་བཀྲས་མཐོང་ལགས་ཀྱི་སྤྱི་འཐུས་ཀྱི་ལས་ཁུར་དམ་བཅའ་དུས་ཚོད་ངེས་གཏན་ཞུ་རྒྱུ་ཁག་པོ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
འོས་བསྡུའི་སྒྲིག་གཞི་དོན་ཚན་༥༡་དགོངས་དོན། འདེམས་ཐོན་སྤྱི་འཐུས་ལ་བཞུགས་སྒར་དུ་དམ་བཅའ་འབུལ་བར་ངེས་བཅར་དགོས་རྒྱུའི་ཚེས་གྲངས་ཁ་གསལ་འཁོད་པའི་བརྡ་ལན་དབུས་འོས་བསྡུ་ལས་ཁང་ནས་འཕྲོད་ཐབས་གནང་དགོས་གསལ་ཡོད་ཀྱང་། ད་ལྟའི་ཆར་དབང་པོ་བཀྲས་མཐོང་ལགས་ཀྱིས་དམ་འབུལ་ཚེས་གྲངས་ཐད་ཚོགས་དྲུང་ལས་ཁུང་དང་བཀའ་སྡུར་དང་འབྲེལ་རྗེས་སུ་གཏན་ཁེལ་གནང་རྒྱུ་ཡིན་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།