བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པས་ཁྲིམས་ལུགས་བཞིན་བོད་ནང་འཛིན་སྐྱོང་ལས་དོན་སྤེལ་རྒྱུ་ཟེར་བའི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་དེ་ནི་བོད་ནང་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་ཐབས་ཤིག་ཡིན་པ་བརྗོད་བཞིན་འདུག ཕྱི་ཟླ་༤བའི་ཚེས་༡༩ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པས་བོད་སྐྱོང་ལས་དོན་གྱི་ཚོགས་འདུ་ཞེས་པ་ཞིག་བོད་ཀྱི་རྒྱལ་ས་ལྷ་སར་སྐོང་ཚོགས་བྱས་འདུག་པ་དང་། ཚོགས་འདུ་དེའི་ཐོག་བོད་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་ལ་ལྡན་དགོས་པའི་དམིགས་བསལ་རང་བཞིན་དང་། ཡུན་རིང་རང་བཞིན། རྙོག་འཛིང་རང་བཞིན་ཟེར་དབྱེ་ཞིབ་བྱས་ཤིང་། བོད་རང་སྐྱོང་ལྗོངས་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུའུ་དབྱིང་ཅེ་ནས་དོན་ཚན་བརྒྱད་ཅན་གྱི་ནང་དོན་འཁོད་པའི་གཏམ་བཤད་བྱས་པ་དེའི་ཁོངས་སུ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཁྲིམས་ལྟར་བོད་སྐྱོང་གི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ལུགས་དང་། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་བཅོས་སྐྱོང་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་པ། ཁྲིམས་སྐྱོང་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས་དཔུང་ཁག་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས་པ་སོགས་བརྗོད་འདུག
འོན་ཀྱང་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་མིང་བཏོན་མ་བྱས་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་ལྟ་བུར་མཚོན་ན་མི་རིགས་ས་ཁུལ་ཞིག་ཡིན་པས་རྒྱ་ནག་གི་ཁྲིམས་ནང་ཡོད་པའི་མི་རིགས་ས་ཁུལ་གྱི་རང་སྐྱོང་ཁྲིམས་ལུགས་བཞིན་བོད་ནང་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་སྤེལ་ཆོག་ལ། ཆོས་དད་རང་དབང་གི་ཐོབ་ཐང་ཡང་ལོགས་སུ་སྤྱོད་ཆོག་གི་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེ་ལས་ལྡོག་སྟེ་བོད་མི་རིགས་ཀྱི་ངོ་བོ་གཏོར་བཤིག་གཏོང་བར་དམིགས་པའི་ལས་འགུལ་སྣ་ཚོགས་ཤིག་སྤེལ་ནས། བོད་པའི་མི་རབས་གསར་པ་རྒྱ་མི་རིགས་ལ་བསྒྱུར་པའི་སྲིད་ཇུས་དང་མི་རིགས་རྩ་མེད་གྱི་ལས་དོན་འདི་ལུགས་མཐུན་ཅན་ལ་བསྒྱུར་ཆེད་ཁྲིམས་ལུགས་ཁ་ལ་འཁྱེར་ནས་ཁྲིམས་འགལ་གྱི་ལས་དོན་ཁག་ལུགས་མཐུན་ཅན་ལ་བསྒྱུར་པའི་བྱེད་ཐབས་ཤིག་ཡིན་པ་བརྗོད་ཡོད་པ་རེད།
དེ་བཞིན་བོད་ནང་གི་བོད་མི་ཞིག་གིས་བརྗོད་པར་གཞིགས་ན། ད་བར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་ལས་འགུལ་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་ཟེར་བ་སོགས་ལས་འགུལ་རབ་དང་རིམ་པ་སྤེལ་མུས་ཡིན་ཞིང་། དེའི་ནང་གཙོ་བོ་བོད་པ་མང་ཚོགས་ཀྱི་རང་དབང་ལ་ཉིན་རེ་བཞིན་སྟངས་འཛིན་ཤུགས་ཆེ་རུ་བཏང་པ་དང་དམ་བསྒྲགས་བྱེད་པའི་ལས་དོན་དེ་དག་ནི་ཁྲིམས་ལུགས་ཀྱི་ཐོག་ནས་མཐུན་པ་བཟོ་ཐབས་ཤིག་ཡིན་པ་རེད་ཅེས་དང་། དངོས་ཡོད་ཀྱི་གནས་སྟངས་ནི་བོད་མིའི་ཁེ་ཕན་དང་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ། མི་རབས་ནས་མི་རབས་རྒྱུད་འཛིན་བྱེད་པའི་བོད་བརྒྱུད་ནང་བསྟན་གཏོར་བཤིག་གཏོང་ཐབས་བྱེད་པ་ལས། ཁྲིམས་ལུགས་ཀྱི་ཐོག་ནས་དེ་སྲུང་སྐྱོབ་བྱེད་པའི་ལས་དོན་མཐོང་རྒྱུ་མེད་པ་བརྗོད་ཡོད་པ་རེད།
ད་རེས་སྐོང་ཚོགས་བྱས་པའི་ཚོགས་འདུའི་ཐོག་བོད་ལྗོངས་དམག་ཁུལ་ཁང་ཟེར་བ་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ཟེར་བ། མཁའ་དམག་གི་ལྷ་སའི་རྟེན་གཞི་ཟེར་བ་སོགས་ཡོད་པའི་ཐོག་གཞུང་གི་ཚན་པ་ཁག་དང་བོད་ལྗོངས་ལག་རྩལ་ཆེད་ལས་སློབ་གྲྭ བོད་རང་སྐྱོང་ལྗོངས་ཉེན་རྟོག་འགོ་པའི་མཐོ་སློབ་ཟེར་བ་སོགས་ཀྱང་ཚོགས་འདུར་མཉམ་ཞུགས་བྱས་འདུག་པ་དེར། གནད་དོན་དབྱེ་ཞིབ་པས་འདི་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དམག་དོན་གྱི་འཛིན་སྐྱོང་བྱས་པའི་རྣམ་པ་ཁ་གསལ་ཐོན་གྱི་ཡོད་པ་དང་། བོད་ཀྱི་འཛིན་སྐྱོང་ལས་དོན་ཐད་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྣམ་པའི་ཐོག་ནས་བོད་མི་རིགས་རང་གིས་འཛིན་སྐྱོང་བྱེད་པའི་རྣམ་པ་སྤུ་ཙམ་མེད་པ་དང་། ཐོབ་ཐང་མེད་པ་གསལ་པོ་མཐོང་ཐུབ་རྒྱུ་ཡིན་པ་བརྗོད་འདུག
དེ་མིན་ཡང་འདི་ལོ་ནི་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་ཚིགས་ཤིག་ཡིན་པས། བོད་ཀྱི་ས་ཁུལ་ཁག་ནང་དམར་ཤོག་ཚོགས་པའི་ལོ་རྒྱུས་ལ་སློབ་སྦྱོང་གི་ལས་འགུལ་འདི་གཞུང་གི་ལས་ཁུངས་ནས་གཤམ་འོག་ཚན་པ་ཁག་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སོགས་གང་སར་སྤེལ་བཞིན་ཡོད་པའི་ཁྲོད། བོད་ཀྱི་ལྷོ་ཁ་ཁུལ་དུ་ཆ་མཚོན་ན། རྒས་ཡོལ་ཞུས་ཟིན་པའི་དམར་ཤོག་ཚོགས་པའི་ཚོགས་མིར་ཡང་སློབ་སྦྱོང་བྱེད་དུ་བཅུག་སྟེ་རྩོམ་ཡིག་འབྲི་རུ་བཅུག་པ་དང་། བསམ་ཚུལ་བཤད་བཅུག་པ། འགྲེམས་སྟོན་གཉེར་བ་སོགས་ཀྱི་ཐོག་ནས་འདོད་མོས་མེད་བཞིན་དུ་ཆབ་སྲིད་ལས་འགུལ་དེ་རིགས་ནང་མཉམ་ཞུགས་བྱེད་དུ་འཇུག་གི་ཡོད་འདུག