བོད་པ་ཚོར་རྒྱ་སྐད་ལམ་ནས་གཏམ་བཤད་འགྲན་བསྡུར་བྱེད་བཅུག་བཞིན་པ་ནི་བོད་སྐད་ཡིག་རྩ་མེད་བཟོ་ཐབས་ཀྱི་ངན་བྱུས་ཤིག་ཡིན་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༩་ དང་ ༡༠ བཅས་ཉིན་གཉིས་རིང་། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་འགྲན་བསྡུར་ཞེས། བོད་པ་ཚོར་ཆེད་དམིགས་ཀྱིས་རྒྱ་སྐད་ལམ་ནས་གཏམ་བཤད་འགྲན་བསྡུར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། རྒྱ་སྐད་ཀྱི་གཏམ་བཤད་འགྲན་བསྡུར་དེ་ལྟ་བུ་དགོན་པ་དང་སློབ་གྲྭ་སོགས་སུ་ཤུགས་ཆེར་སྤེལ་བཞིན་ཡོད་པ་རེད་ལ། དེང་སྐབས་གྲོང་གསེབ་ཁུལ་དུ་རྒྱ་ཡིག་རྒྱ་སྐད་བཀོལ་སྤྱོད་དགོས་པའི་བཀོད་ཁྱབ་གཏོང་གི་ཡོད་ཅིང་། དངོས་འབྲེལ་ལྷ་ས་ཁུལ་དུ་ལོ་ཆུང་བྱིས་པ་ཚོར་རྒྱ་སྐད་ཤུགས་ཆེ་རུ་གཏོང་བཞིན་པ་ནི། བོད་ཀྱི་སྐད་ཡིག་དང་གོམས་གཤིས་མང་དག་ཅིག་རྩ་མེད་དུ་བཏང་བར་ཤུགས་རྐྱེན་ཆེན་པོ་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་བོད་པ་ཚོར་རྒྱ་སྐད་འགྲན་བསྡུར་གྱི་དམིགས་ཡུལ་གཙོ་བོ་ནི། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་མང་ཡོངས་ཀྱི་སྐད་ཡིག་གི་བྱང་ཚད་མཐོ་རུ་གཏོང་བ། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་སྐད་ཡིག་ལས་དོན་གྱི་གྲུབ་འབྲས་མངོན་པ་བཅས་བྱས་ནས། བོད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་ཆེད་ཡིན་པ་བཀོད་འདུག་ན་ཡང་། ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྐད་ཡིག་དང་རྩོམ་རིག་སློབ་དཔོན། དཔེ་མཛོད་དོ་དམ་པ་གཅིག་ལྕོགས་ལྷག་པ་ཚེ་རིང་ལགས་ནས། རྒྱ་ནག་གཞུང་གིས་མིང་འདྲ་མིན་འོག་ནས་བོད་ནང་རྒྱ་ཡིག་རྒྱ་སྐད་ཤུགས་ཆེ་རུ་བཏང་སྟེ། བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་བཅས་པ་རྩ་མེད་དུ་གཏོང་ཐབས་བྱེད་བཞིན་ཡོད་པས། ཐེངས་འདིར་རྒྱ་སྐད་འགྲན་བསྡུར་ཟེར་བ་དེ་ཡང་བོད་ཀྱི་སྐད་ཡིག་གཞུང་རྩ་མེད་བཟོ་ཐབས་ཀྱི་དམིགས་ཡུལ་དང་ངན་བྱུས་ཁོ་ན་ཡིན་པ་འགྲེལ་བརྗོད་གནང་གི་འདུག
གནས་ཚུལ་དེའི་སྐོར་ལྡོང་ཕྱིང་གུར་པ་རྒྱལ་ལོ་ལགས་སུ་བཅར་འདྲི་ཞུ་སྐབས། ཁོང་གིས་དེ་ནི་སྔོན་མ་ནས་རྒྱ་ནག་གཞུང་གི་སྤྱི་སྐད་དམ་རྒྱ་སྐད་ཁྱབ་བརྡལ་དུ་གཏོང་རྒྱུའི་ནང་གི་ཆ་ཤས་ཤིག་ཡིན་ཞིང་། ཐོག་མར་སློབ་གྲྭ་སོ་སོ་དང་གཞུང་གི་སྡེ་ཚན་ཁག་ལ་ལག་བསྟར་བྱས་པ་ཞིག་ཡིན་ནའང་། ད་ལྟ་མི་མང་དང་ལྷག་པར་དུ་དགོན་པའི་ནང་དུ་བསླེབས་ཡོང་བཞིན་པ་འདིའི་དམིགས་ཡུལ་ནི་བོད་ཀྱི་སྐད་ཡིག་གི་ཚབ་ལ་རྒྱའི་སྐད་ཡིག་བྱས་ཏེ་བོད་ཀྱི་སྐད་དང་ཡི་གེ་རྩ་མེད་བཟོ་རྒྱུ་དེ་ཡིན་པ་གསལ་བོ་རེད་ལ། རྒྱ་ནག་གི་ལས་གཞི་འདི་ནི་སྔོན་མ་ནས་ཡོད་བསྡད་པ་ཞིག་ཡིན་པ་ལས་གནས་ཚུལ་གསར་པ་ཞིག་མིན་པའི་སྐོར་ནས་གསུངས་སོང་།
ཁོང་གིས་ད་དུང་། རྒྱ་ནག་གི་ས་ཁུལ་དུ་རྒྱ་སྐད་སྤྱི་སྐད་ཡིན་པ་མ་གཏོགས་བོད་ཀྱི་ས་ཁུལ་དུ་བོད་སྐད་སྤྱི་སྐད་མིན་སྟབས། བོད་མི་ཞིག་ལ་མཚོན་ན་འདི་ལྟ་བུའི་འགྲན་རྩོད་ལ་ཞུགས་དགོས་དོན་མེད་ནའང་། བོད་རང་གི་སྤྱི་ཚོགས་སུའང་བླ་མ་དང་དགེ་བཤེས་སོགས་ཀྱི་ནང་དུའང་རྒྱ་སྐད་ཅུང་ཙམ་རེ་བཤད་ཤེས་པ་དེ་ཡག་སྣང་ཞིག་ལ་འཛིན་མཁན་ཡང་ཡོང་གི་ཡོད་ལ། བྱ་སྤྱོད་དེས་བོད་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བྱུང་བཞིན་ཡོད་སྟབས། གནད་དོན་འདི་ལ་མཚོན་ན་བོད་མི་རེ་རེའི་ངོས་ནས་ཀྱང་འགན་འཁུར་རྒྱུ་དེ་གལ་ཆེན་པོ་ཡིན་པའི་སྐོར་གསུངས་གསུངས་སོང་།
ཐེངས་འདིར་ལྷ་སར་སྤེལ་བའི་རྒྱ་སྐད་འགྲན་བསྡུར་དེ་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་ཁུངས་དང་། སློབ་གསོ་ལས་ཁུངས། ཞིང་ལས་དང་གྲོང་གསེབ་ལས་ཁུངས་བཅས་ཀྱིས་གོ་སྒྲིག་བྱས་ཡོད་འདུག་ལ། འགྲན་བསྡུར་ནང་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ ༧ ནས་མི་གྲངས་ ༣༣ མཉམ་ཞུགས་བྱས་ཡོད་པ་ལས། འགྲན་བསྡུར་དེར་བྱིས་པའི་ཚོགས་ཆུང་དང་། ལོ་ཆུང་བྱིས་པའི་ཚོགས་ཆུང་། གཞོན་ནུ་ལོ་ཆུང་གི་ཚོགས་ཆུང་། དར་མའི་ཚོགས་ཆུང་། ཞིང་འབྲོག་པའི་ཚོགས་ཆུང་བཅས་ཚོགས་ཆུང་ལྔར་དབྱེས་ཡོད་སྐོར་བཀོད་འདུག་ལ། ད་ཐེངས་ཙམ་མ་ཡིན་པར་རྒྱ་ནག་གཞུང་གིས་འདི་ལོའི་ཟླ་ ༡༠ ནང་གཞིས་རྩེ་ནས་དུས་རབས་གསར་པའི་རྒྱལ་གཅེས་པ་ལྷག་བསམ་ཟོལ་མེད་ཅིག་བྱེད་སོགས་ཀྱི་བརྗོད་གཞིའི་ཐོག་རྒྱ་སྐད་གཏམ་བཤད་འགྲན་བསྡུར་དང་། གཞན་ཡང་ནག་ཆུ་ནས་དགོན་སྡེ་ཁག་ཏུ་གྲྭ་བཙུན་ཚོར་རྒྱ་སྐད་འགྲན་བསྡུར་གྱིས་དམར་ཤོག་ཚོགས་པར་བསྟོད་པ་བྱེད་བཅུག་པ་སོགས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་རེད།
འདས་པའི་ལོ་ཤས་སྔོན་བོད་ནང་བོད་མི་ཚོས་རང་འགུལ་ངང་གོ་སྒྲིག་གིས་ཕ་སྐད་གཙང་མའི་འགྲན་བསྡུར། ཕ་སྐད་སྲུང་སྐྱོབ་ཚོགས་པ་སོགས་ཀྱི་ལས་འགུལ་ཤུགས་ཆེར་བྱུང་ཡོད་ན་ཡང་། ཕྱི་ལོ་ ༢༠༡༩ ཙམ་ནས་རྒྱ་ནག་གཞུང་གིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་བརྡལ་གྱི་སྲིད་བྱུས་ཟེར་བ་གཏན་འབེབས་བྱས་པ་དང་འབྲེལ། ཕ་སྐད་སྲུང་སྐྱོབ་བྱེད་མཁན་གྱི་ཚོགས་པ་མང་དག་ཅིག་རྩ་མེད་བཟོས་པ་དང་། ཕ་སྐད་སྲུང་སྐྱོབ་ཀྱི་ལས་འགུལ་སོགས་རྩ་ནས་སྤེལ་བཅུག་གི་མེད་པ་མ་ཟད། བོད་ཡིག་གཙོ་ཁྲིད་ཡིན་པའི་སྒེར་གཉེར་སློབ་གྲྭ་ཁག་བཙན་ཐབས་ཀྱིས་སྒོ་རྒྱག་བཅུག་སྟེ། རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་དང་བཀོལ་ཤུགས་ཆེ་རུ་གཏོང་བ་དང་། བོད་སྐད་ཡིག་གི་མཁས་པ་དང་རྩོམ་པ་པོ་དང་ཤེས་ཡོན་ཅན་རྣམ་བཙོན་འཇུག་སོགས་ཀྱི་ལས་འགུལ་རིམ་པར་སྤེལ་བཞིན་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། ཀེ་ཐོ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།