རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་མཁས་བའི་བགྲོ་གླེང་གནང་འདུག
འདི་ཚེས་༡༣ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་བགྲོ་གླེང་ཞིག་ཚོགས་པའི་སྐབས། བོད་རིག་པའི་མཁས་པ་དང་རྩོམ་པ་པོ་སྐུ་ཞབས་(Claude Arpi)་ལགས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཀྱི་ཉམས་ཞིབ་པ་ཆེ་བ་བློ་བཟང་དབྱངས་མཚོ་ལགས་རྣམ་གཉིས་ཀྱིས་གསུང་བཤད་གནང་ཡོད་པ་རེད་འདུག
སྐབས་དེར་རྩོམ་པ་པོ་སྐུ་ཞབས་(Claude Arpi)་ལགས་ཀྱིས་ཕྱི་ལོ་༡༩༥༩ལོར་བོད་རྒྱ་ནག་གིས་བཙན་བཟུང་བྱས་པའི་རྗེས། རྒྱ་ནག་གིས་སྲིད་བྱུས་ཇི་དང་ཇི་ལག་བསྟར་དང་གནས་ཚུལ་ཇི་བྱུང་བརྗོད་སྐབས། བོད་ནང་རྒྱ་ནག་གཞུང་གིས་འཛུགས་བསྐྲུན་གྱི་ལས་གཞི་ཁག་སྤེལ་བཞིན་པ་ནི་རྒྱ་ཧན་མི་རིགས་ཚོར་ཁེ་ཕན་ཁོ་ནའི་ཆེད་འཛུགས་བསྐྲུན་བྱས་པ་དང་། ད་དུང་འཛུགས་བསྐྲུན་གྱི་ལས་གཞི་དེ་དག་དྲག་པོའི་ཐོག་སྲུང་སྐྱོབ་བྱེད་ཆེད་བྱས་པ་ཞིག་ཡིན་པ། བོད་ནང་གི་བོད་མི་ཚོའི་ཁྲོད་སོ་ལྟའི་ལས་དོན་ཤུགས་ཆེ་སྤེལ་དང་སྤེལ་བཞིན་པ་དང་། དྲག་གནོན་བྱེད་བཞིན་པ། རྒྱ་ཧན་མི་རིགས་བོད་ནང་གཞིས་སྤོས་བྱས་པའི་ཉེར་ལེན་གྱིས་བོད་ནང་གི་བོད་མི་རྣམས་གྲངས་ཉུང་མི་རིགས་ཞིག་ཏུ་འགྱུར་ཡོད་པ་སོགས་ཀྱི་སྐོར་གླེང་འདུག
ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཀྱི་ཉམས་ཞིབ་པ་ཆེ་བ་བློ་བཟང་དབྱངས་མཚོ་ལགས་ཀྱིས། བོད་ནང་གི་གཙང་པོ་ཁག་གི་གནས་སྟངས་དང་དེ་རྒྱ་གར་ལ་གནད་འགག་ཇི་ཆགས་གླེང་སྐབས། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་པོ་དེ་དག་གང་བྱུང་བེད་སྤྱོད་བྱེད་བཞིན་པའི་གནས་བབས་དང་། བོད་ནང་ནས་གཏེར་ཁ་སྔོག་འདོན། བོད་ཀྱི་གཙང་པོ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་གནད། བོད་ནང་གི་གཙང་པོ་དེ་དག་བཞུར་སའི་གཤམ་འོག་གི་རྒྱལ་ཁབ་ཁག་གིས་ཀྱང་དེ་དག་སྲུང་སྐྱོབ་ཐོག་ལས་དོན་སྤེལ་དགོས་པའི་འབོད་སྐུལ་བཅས་གནང་ཡོད་པ་རེད་འདུག
གོང་ཞུས་ཀྱི་བོད་དོན་མཁས་པའི་བགྲོ་གླེང་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་དང་། (Shiv Nadar Institute of Eminence)་ཞེས་པའི་སྒྲིག་འཛུགས་གཉིས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།