རྒྱ་ནག་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་ནི་རྫུན་གཏམ་ཁོ་ན་ཡིན་པ་ནི་དིང་རིའི་ས་ཡོམ་སྐབས་མངོན་གསལ་ཐུབ་ཡོད་པ། བོད་ཀྱི་སྤྱི་ཚོགས་དང་ཁོར་ཡུག་ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག
ཉེ་ལམ་བོད་རང་སྐྱོང་ལྗོངས་ཀྱི་གཞིས་ཀ་རྩེ་ས་ཁུལ་གཙང་ལ་སྟོད་དིང་རི་རྫོང་གཙོས་པའི་ཉེ་འཁོར་དུ་ས་ཡོམ་ཚད་རིམ་ ༧་༡ བརྒྱབ་སྟེ། བོད་མི་ ༡༢༦ རྐྱེན་འདས་སུ་གྱུར་པ་དང་བརྒྱ་ཕྲག་འགའ་ལ་རྨས་སྐྱོན་ཤོར་བའི་གནས་ཚུལ་འབྱུང་སྐབས། དིང་རི་རྫོང་ཁོངས་ཀྱི་གྲོང་ཚོ་ཕལ་ཆེ་བ་ཞིག་གི་ཁང་པ་ཡོངས་རྫོགས་ཞིག་རལ་དུ་གྱུར་པ་དང་ལྕགས་ཀྱི་ཀ་བ་སོགས་རྒྱུ་ཆ་མཁྲེགས་པོ་མེད་པར་འཛུགས་སྐྲུན་གྱི་རྒྱུ་ཆ་ཧ་ཅང་ཞན་པོ་ཡིན་པ་མངོན་གསལ་དོད་པོ་དང་། ལྷག་པར་ས་ཡོམ་གྱིས་གནོད་ཐེབས་ས་ཁུལ་གྱི་བོད་མི་མང་ཆེ་བ་དབུལ་ཕོངས་དང་འཚོ་བའི་ཆ་རྐྱེན་ཞན་པོ། འཕྲོད་བསྟེན་དང་ཤེས་ཡོན། དཔལ་འབྱོར་ཡར་རྒྱས་སོགས་གང་གི་ཆ་ནས་ཀྱང་དཀའ་ངལ་ཡོད་པ་མངོན་གསལ་དོད་པོ་མཐོང་ཆོས་གྱུར་པ་འདིས། རྒྱ་ནག་གཞུང་གིས་ད་བར་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་སོགས་དྲིལ་བསྒྲགས་ཤུགས་ཆེ་བྱས་བསྡད་པ་མགོ་སྐོར་རྫུན་གཏམ་ཡིན་པ་དང་། ངེས་དོན་གྱིས་རྒྱ་ནག་གཞུང་གིས་བོད་ཡར་རྒྱས་སུ་གཏོང་འདུན་མེད་པ་གསལ་པོ་མངོན་གསལ་ཐུབ་ཡོད་ཅེས། བོད་ཀྱི་སྤྱི་ཚོགས་རིག་པ་བ་དང་ཉམས་ཞིབ་པ་འབུམ་རམས་པ་རྒྱལ་ལོ་ལགས་ནས་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ནས། བོད་ནང་སྲོལ་རྒྱུན་གྱི་ཁང་པ་འཛུགས་སྐྲུན་གྱི་ནང་ས་ཡོམ་འབྱུང་སྐབས་ཚེ་སྲོག་སྐྱོབ་ཐབས་ཀྱི་ཐབས་ལམ་བསྟེན་བསྡད་ཡོད་པ་བཞིན། ད་ལྟའི་ཆར་ཆུ་ལོག་དང་ས་ཡོམ་སོགས་ལས་སྲོག་ཐར་ཐབས་སུ་བོད་རང་གི་སྔ་མའི་ཉམས་མྱོང་དང་དེང་དུས་ཀྱི་ཐབས་ལམ་ཟུང་འབྲེལ་གྱིས་འཛུགས་སྐྲུན་རྒྱུ་སྤུས་ཇེ་བཟང་དུ་གཏོང་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། སྤྱིར་བཏང་བོད་མཐོ་སྒང་འདི་ས་ཡོམ་མང་པོ་འབྱུང་སའི་ས་ཆ་ཞིག་ཡིན་པ་དེ་ཡོངས་གྲགས་ཡིན་པས། ཉེན་ཁ་མིག་གིས་མཐོང་བཞིན་དུ་རྒྱ་ནག་གཞུང་གིས་ཆུ་རགས་མང་པོ་བརྒྱབ་པའི་མཚོན། ཉེན་ཁ་ཇེ་ཆེར་གཏོང་བ་ནི་དབང་སྒྱུར་རིང་ལུགས་པའི་བྱེད་ཐབས་ཤིག་རེད་ཅེས་གསལ་སྟོན་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཀྱང་འདི་ཚེས་ ༡༢ ཉིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཉེ་ཆར་ས་ཡོམ་གོད་ཆག་གིས་རྒྱ་ནག་གིས་བོད་ནང་ཡུན་རིང་ལག་བསྟར་བྱེད་བཞིན་པའི་འཛུགས་སྐྲུན་ལས་གཞི་དེས་ཤུགས་རྐྱེན་ངན་པ་ཅི་ཡོད་རྣམས་གསལ་སྟོན་བྱས་ཡོད་པ་མ་ཟད། རྒྱ་ནག་གིས་འཛུགས་སྐྲུན་གྱི་མིང་ཐོག་ཚད་ལས་འདས་པའི་ཆུ་མཛོད་གསར་རྒྱག་དང་། གཏེར་ཁ་སྔོག་འདོན། དེ་བཞིན་ཁོར་ཡུག་ལ་གནོད་པའི་ལས་གཞི་མང་དག་ཅིག་སྤེལ་བ་དེས་ས་ཁུལ་དེའི་ནང་ས་ཡོམ་གྱི་ཉེན་ཁ་ཆེ་རུ་བཏང་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་འཛུགས་སྐྲུན་གྱི་སྲིད་བྱུས་དང་། ལག་ལེན་ཁག་ལ་བསྐྱར་ཞིབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།