བོད་འཛམ་གླིང་ནང་རང་དབང་མེད་པའི་ཡུལ་ལུང་སྡུག་ཤོས་ཡིན་པའི་ཞིབ་འཇུག་སྙན་ཐོ་བཏོན་འདུག

2021-03-03
Share
བོད་འཛམ་གླིང་ནང་རང་དབང་མེད་པའི་ཡུལ་ལུང་སྡུག་ཤོས་ཡིན་པའི་ཞིབ་འཇུག་སྙན་ཐོ་བཏོན་འདུག རང་དབང་ཁང་པའི་དྲ་ངོས།
དྲ་བཤུས།

བོད་ནི་འཛམ་གླིང་ནང་རང་དབང་མེད་པའི་ཡུལ་ལུང་སྡུག་ཤོས་ཡིན་པ་ཨ་རིའི་རང་དབང་ཁང་པས་བཏོན་པའི་ཞིབ་འཇུག་སྙན་ཐོའི་ནང་གསལ་འདུག
དེ་ཡང་འདི་ཚེས་༣ཉིན། ཨ་རིའི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པ་(Freedom House)ཞེས་པའི་ཞིབ་འཇུག་ལྟེ་གནས་ཁང་གིས། འདས་བའི་༢༠༢༠ལོའི་ནང་རྒྱལ་སྤྱིའི་ཐོག་ཆབ་སྲིད་དང་སྤྱི་དམངས་རང་དབང་གི་གནས་བབ་སྐོར་ཞིབ་འཇུག་གི་སྙན་ཐོ་འདོན་སྤེལ་བྱས་བའི་ནང་། དེ་སྔ་༢༠༡༩ལོར་བོད་དེ་འཛམ་གླིང་ནང་རང་དབང་གི་ཚད་གཞི་དམའ་ཤོས་སྡུག་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་གསལ་ཡོད་པ་དེ་༢༠༢༠ལོར་རང་དབང་གི་ཚད་གཞིའི་ཐད་ནས། བོད་དང་དཀྱིལ་ཤར་ཡུལ་གྲུ་སའེ་རེ་ཡ་(Syria)གཉིས་རང་དབང་གི་ཚད་དམའ་ཤོས་དང་སྡུག་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོ་དེ་ཆགས་ཡོད་པ་གསལ་བཏོན་གནང་འདུག
རང་དབང་ཁང་པས་འཛམ་གླིང་ཐོག་ཆབ་སྲིད་དང་སྤྱི་དམངས་རང་དབང་གི་གནས་བབ་སྐོར་ཞིབ་འཇུག་གི་ལས་དོན་དེ་བཞིན། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ནང་སྨྲ་བརྗོད་དང་གཏམ་བརྗོད་ཀྱི་རང་དབང་། དམངས་གཙོའི་ཐོབ་ཐང་གི་གནས་བབ་དེ་བཞིན་གཞུང་ཕྱོགས་ནས་རང་དབང་དེ་དག་ལ་ཚད་བཀག་གི་སྒྲིག་གཞི་བཀོད་བསྡོམ་གྱི་གནས་སྟངས་བཅས་ལ་ཞིབ་འཇུག་གནང་ནས་སྙན་ཐོ་འདོན་སྤེལ་གནང་གི་ཡོད་པ་རེད།
རང་དབང་ཁང་པས་རྒྱལ་སྤྱིའི་ཐོག་རང་དབང་གི་གནས་བབ་སྐོར་ལ་ཞིབ་འཇུག་གི་ལས་དོན་དེ་བཞིན་༡༩༧༣ལོར་ཐོག་མར་འགོ་འཛུགས་གནང་ཞིང་། དུས་དེ་ནས་བཟུང་ལོ་ལྟར་ཞིབ་འཇུག་གི་སྙན་ཐོ་འདོན་སྤེལ་གནང་བཞིན་ཡོད་པ་དང་། ཞིབ་འཇུག་གི་ལས་དོན་ནང་ཆབ་སྲིད་མི་སྣ་དང་། གསར་འགོད་པ། ཤེས་ལྡན་མི་སྣ་དང་ལས་འགུལ་བ་སོགས་ཕྱོགས་གང་ས་ནས་བསམ་ཚུལ་བསྡུ་རུབ་གནང་བ་ཙམ་དུ་མ་ཟད། ད་སྐབས་རྒྱལ་ཁབ་དང་ས་ཁུལ་ཁག་༢༠༡གི་ནང་ས་གནས་ས་ཐོག་ཏུ་ཉམས་ཞིབ་དང་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་གནས་ཚུལ་ལ་ཉམས་ཞིབ། དེ་བཞིན་ས་གནས་དེ་དག་ནང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་ལ་འབྲེལ་གཏུགས་ཀྱིས་བསམ་ཤོག་བསྡུ་ལེན་བྱས་པ་དཔྱད་ཞིབ་བྱས་ནས། མཐར་རྒྱལ་སྤྱིའི་སྟེང་གི་རྒྱལ་ཁབ་དང་ཡུལ་ལུང་ཁག་གི་རང་དབང་གི་ཚད་གཞི་མཐོ་དམན་ཐོ་གཞུང་དང་བཅས་ཞིབ་འཇུག་སྙན་ཐོ་བཏོན་བཞིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།