བལ་ཡུལ་གཞུང་གིས་སྐྱབས་བཅོལ་ལག་འཁྱེར་སྤྲོད་རྒྱུའི་ཁོངས་སུ་བོད་མི་ཚོ་བཅུག་མི་འདུག

2021-12-07
Share
བལ་ཡུལ་གཞུང་གིས་སྐྱབས་བཅོལ་ལག་འཁྱེར་སྤྲོད་རྒྱུའི་ཁོངས་སུ་བོད་མི་ཚོ་བཅུག་མི་འདུག བལ་ཡུལ་ནང་སྤྱི་ནོར་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཉེན་རྟོག་པས་བོད་མི་ཚོ་བཀག་འགོག་བྱེད་བཞིན་པ། ༧/༦/༢༠༡༡
Lhuboom/RFA

དེ་ཡང་ཀ་ཏཱ་མན་ཀྲོའུ་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གཞུང་གིས་ཡུལ་དེའི་ནང་འཚོ་གནས་བྱེད་བཞིན་པའི་སྐྱབས་བཅོལ་བ་ཚོར་སྐྱབས་བཅོལ་ལག་འཁྱེར་སྤྲོད་འཆར་ཡོད་ཀྱང་། ད་རེས་གཙོ་བོ་འབྲུག་པ་སྐྱབས་བཅོལ་བར་ལག་འཁྱེར་སྤྲོད་རྒྱུ་ཡིན་པ་བལ་ཡུལ་གཞུང་གིས་ཁ་གསལ་བཏོན་འདུག་པ་ལས་ད་ལྟའི་ཆར་བོད་མི་སྐྱབས་བཅོལ་བ་ཚོར་སྐྱབས་བཅོལ་ལག་འཁྱེར་སྤྲོད་འཆར་མེད་ལུགས་བལ་ཡུལ་གཞུང་གིས་འགྲེལ་བརྗོད་གནང་ཡོད་པ་དང་། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འབྲེལ་མཐུད་པ་བཟང་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ད་རེས་གསར་འགྱུར་ནང་ཐོན་པ་ལྟར། བལ་ཡུལ་གཞུང་གིས་འབྲུག་པ་སྐྱབས་བཅོལ་བ་དེ་སྔ་སྐྱབས་བཅོལ་ལག་འཁྱེར་རག་མེད་པ་ལྷག་འཕྲོ་ཚོར་ལག་འཁྱེར་སྤྲོད་རྒྱུའི་ཐག་གཅོད་བྱས་བ་ལས་བལ་ཡུལ་ནང་གི་བོད་མི་ཚོའི་སྐོར་ལ་གནས་ཚུལ་གང་ཡང་མི་འདུག དེ་སྔ་༡༩༩༥་ལོ་ཙམ་ནས་བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བར་སྐྱབས་བཅོལ་ལག་འཁྱེར་སྤྲོད་མཚམས་བཞག་ཡོད་པ་རེད། དེ་ནས་འབྲེལ་ཡོད་ཚོགས་སྡེ་ཁག་གིས་བོད་མི་ཚོར་སྐྱབས་བཅོལ་ལག་འཁྱེར་སྤྲོད་དགོས་བའི་རེ་སྐུལ་ཡང་ཡང་བྱས་ཀྱང་ད་བར་ཐག་གཅོད་གང་ཡང་བྱུང་མེད། ང་ཚོའི་ངོས་ནས་བོད་མི་ཚོར་བལ་ཡུལ་གཞུང་གིས་གང་མགྱོགས་སྐྱབས་བཅོལ་ལག་འཁྱེར་སྤྲོད་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་གསུངས་བྱུང་།
ད་རེས་བལ་ཡུལ་གཞུང་གི་འཆར་གཞི་ལྟར་ན་བལ་ཡུལ་གཞུང་གིས་འབྲུག་པ་སྐྱབས་བཅོལ་བའི་ནང་མི་༤༢༩་ལ་སྐྱབས་བཅོལ་ལག་འཁྱེར་སྤྲོད་རྒྱུ་ཡིན་ཞིང་། ལག་འཁྱེར་དེ་ཐོབ་རྗེས་སྐྱབས་བཅོལ་བ་དེ་ཚོ་སློབ་གྲྭ་ཆེན་མོར་འགྲོ་རྒྱུ་དང་ལས་ཀ་བྱེད་རྒྱུ། ཚོང་ལས་བྱེད་རྒྱུ་སོགས་ཚང་མ་སྟབས་ཇེ་བདེར་འགྲོ་རྒྱུ་ཡིན་པ་གནས་ཚུལ་ནང་བཀོད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་སྡེ་ཚན་གྱིས་འགྲེལ་བརྗོད་གནང་བ་ལྟར་ན། ད་ལྟ་བལ་ཡུལ་ན་འབྲུག་པ་སྐྱབས་བཅོལ་བ་༦༣༦༥་ཡོད་པ་རེད།
བལ་བོ་དང་བོད་གཉིས་ས་འབྲེལ་ཆགས་ཡོད་པས། བལ་བོ་རུ་བོད་མི་སྐྱབས་བཅོལ་བ་༡༢༥༤༠་ཙམ་ཡོད་པའི་ཚོད་དཔག་བྱེད་བཞིན་པ་དང་། བལ་བོ་གཞུང་གི་ཚོད་དཔག་ལ་གཞིགས་ན། བལ་བོ་རུ་བོད་མི་༤༠༠༠་ལྷག་ལ་ད་དུང་ཡང་སྐྱབས་བཅོལ་བའི་ཐོབ་ཐང་ལག་འཁྱེར་མེད་པས། ཁོང་ཚོའི་བྱིས་པ་སློབ་གྲྭ་མཐོ་འབྲིང་འགྲིམ་རྒྱུ་དང་། ལས་ཀ་འཚོལ་རྒྱུ། ཚོང་ལས་བྱེད་རྒྱུ་སོགས་ཕྱོགས་གང་ཐད་ནས་དཀའ་ངལ་ཆེན་པོ་ཡོད་པ་རེད། ཡིན་ན་ཡང་བལ་བོའི་ནང་སྲིད་དྲུང་ཆེ་ཕན་ཌེ་(Tek Narayan Pandey)་ཡིས་ད་ལྟའི་སྐབས་བལ་ཡུལ་ནང་འཚོ་སྡོད་བོད་མི་ཚོར་སྐྱབས་བཅོལ་ལག་འཁྱེར་སྤྲོད་རྒྱུའི་སྐོར་ཐག་གཅོད་གང་ཡང་བྱས་མེད་ལུགས་ཀ་ཏཱ་མན་ཀྲོའུ་བང་ཆེན་གསར་ཁང་ལ་འགྲེལ་བརྗོད་གནང་འདུག
ཡིན་ན་ཡང་བལ་ཡུལ་གྱི་དཔོན་རིགས་གཞན་ཞིག་གིས། ཨ་རི་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་བལ་ཡུལ་གྱི་བོད་མི་སྐྱབས་བཅོལ་བ་ཚོར་སྐྱབས་བཅོལ་གྱི་ཐོབ་ཐང་སྤྲོད་དགོས་པའི་གནོན་ཤུགས་ཡོང་གི་ཡོད་པ་དང་། ལྷག་པར་དུ་ལོ་འདིའི་ལོ་སྟོད་དུ་ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཞིག་གིས་བལ་ཡུལ་གཞུང་ལ་བོད་མི་ཚོར་སྐྱབས་བཅོལ་གྱི་ཐོབ་ཐང་སྤྲོད་རྒྱུར་དུས་ཐོག་དེབ་སྐྱེལ་ཆ་ཚང་ཞིག་དགོས་སྐོར་གསུངས་ཡོད་ལུགས་ལུང་འདྲེན་ཡང་བྱས་འདུག
༡༩༥༩་ལོར་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས། བོད་མི་སྟོང་ཕྲག་མང་པོ་བལ་ཡུལ་དུ་སྐྱབས་བཅོལ་ཆེད་ཡོང་པ་དང་། རིམ་བཞིན་རྒྱ་ནག་དང་བལ་ཡུལ་གཉིས་བར་གྱི་ཕྱི་འབྲེལ་དམ་ཟབ་ཏུ་ཕྱིན་ཡོད་ཅིང་། བལ་ཡུལ་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་འཛིན་གྱི་ཐོག་ནས་བོད་མི་སྐྱབས་བཅོལ་བས་བལ་ཡུལ་ནང་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་རྒྱུ་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པ་དང་མཉམ་དུ་༡༩༩༤་ལོར་ཙམ་ནས་བལ་བོ་གཞུང་གིས་བོད་མི་སྐྱབས་བཅོལ་བར་སྐྱབས་བཅོལ་ལག་འཁྱེར་སྤྲོད་མཚམས་བཞག་ཡོད་པ་རེད།

གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།