བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
2019.12.19
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཕྱི་ཚེས་༡༨ཉིན་སྤྱི་བསྒྲགས་ཞིག་སྤེལ་བར་གཞིགས་ན། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་ Tibet Policy and Support Act ཞེས་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེར་ཚེས་ ༡༨ ཉིན་སྤྱི་མོས་རྒྱབ་སྐྱོར་ཐོབ་ནས་གྲོས་ཚོགས་འོག་མའི་ལས་རིམ་ནང་བསྐྱལ་ཡོད་པ་རེད། ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་དངོས་སུ་གླེང་སློང་དང་གཏན་འབེབས་གནང་དགོས་ཀྱི་ཡོད་རེད།
ཁྲིམས་འཆར་གྱི་ནང་དོན་དོན་ཚན་བརྒྱད་བཀོད་པའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་སྟབས། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྲོལ་རྒྱུན་བཞིན་ལག་བསྟར་བྱ་དགོས་པ་དང་། གལ་སྲིད་ཡང་སྲིད་ངོས་འཛིན་ཞུ་བའི་རྒྱུད་རིམ་ཁྲོད་རྒྱ་ནག་གཞུང་དང་དཔོན་རིགས་ནས་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་དེའི་ཐོག་དཔལ་འབྱོར་དང་། ཚོང་དོན། ཐོངས་མཆན་(visa)་སོགས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ། ཨ་རིའི་ཕྱི་སྲིད་ལས་ཁང་གི་བོད་དོན་འབྲེལ་མཐུད་པའི་ལས་འགན་ནུས་བ་ཆེ་རུ་བཏང་ནས་འཛམ་གླིང་ཡུལ་གྲུ་གཞན་དང་འབྲེལ་ལམ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་བོད་ཀྱི་དབུ་ཁྲིད་དང་། རྒྱ་ནག་གི་དཔོན་རིགས་དབར་གྲོས་མོལ་སླར་གསོ་ཡོང་ཐབས་བྱ་རྒྱུ། ཨ་རིའི་ཕྱི་སྲིད་དང་ཚོང་དོན་ལས་ཁང་གིས་བོད་ནང་ལས་གཉེར་བྱེད་མཁན་གྱི་ཨ་རིའི་ཚོང་དོན་ཁང་ཚོས་བོད་མིའི་རིག་གཞུང་ལ་སྲུང་བརྩི་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པའི་བཀའ་གཏོང་རྒྱུ། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁང་གསར་འཛུགས་མ་ཐུབ་བར་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁང་གསར་བཙུགས་བྱ་འཇུག་རྒྱུ་མིན་པ། ཨ་རིའི་ཕྱི་སྲིད་ལས་ཁང་གིས་རྒྱལ་ཁབ་གཞན་དང་མཉམ་དུ་བོད་ཀྱི་ཁོར་ཡུག་དང་རང་བྱུང་སྐྱེ་དངོས་སོགས་ལ་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་རྒྱུ། བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་ཀྱི་འཛིན་སྐྱོང་ལ་རྒྱབ་སྐྱོར་གྱིས་མུ་མཐུད་ནས་བཙན་བྱོལ་སྤྱི་ཚོགས་ལ་ཨ་རི་གཞུང་གིས་དཔལ་འབྱོར་རོགས་རམ་གནང་རྒྱུ་སོགས་ནང་དོན་བཀོད་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་གོང་དུ་ཞུས་པའི་ཁྲིམས་འཆར་དེའི་ཐོག་འཆར་ལོའི་ནང་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་དངོས་སུ་གླེང་སློང་དང་གཏན་འབེབས་ཐུབ་པའི་རེ་བ་གནང་གི་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།།