བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དེབ་ཞིག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་བཏོན་འདུག

རྒྱ་ནག་གཞུང་གིས་ལྐོག་གཡོ་ངན་བྱུས་ཀྱི་ལམ་ནས་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་སྐོར་ལ་གསེར་བུ་དཀྲུག་པ་དང་། རྒྱ་ནག་གོང་མས་བཀའ་འཁྲོལ་དགོས་པ། ད་ལྟ་གུང་ཁྲན་ཏང་གིས་བཀའ་འཁྲོལ་དགོས་ལུགས་བཅས་འགྲེལ་ལོག་ཧ་ཅང་མང་པོ་བརྒྱབས་པའི་མ་ཚད། ཡང་སྲིད་ངོས་འཛིན་ཐད་ཡིག་ཆ་དོན་ཚན་༢༩ཅན་ཞིག་བཟོས་པ་སོགས། བོད་ཀྱི་སྤྲུལ་སྐུའི་ལམ་སྲོལ་དེ་རྒྱ་ནག་གི་ཆབ་སྲིད་ནང་དེང་སང་བེད་སྤྱོད་སྟངས་འཛིན་ཤུགས་ཆེ་བྱེད་བཞིན་པའི་སྟབས་ཀྱིས། བོད་རང་གི་སྤྲུལ་སྐུའི་ལམ་ལུགས་བྱུང་རིམ་དང་འཕེལ་འགྱུར་སོགས་ལོ་རྒྱུས་ཀྱི་ཁུངས་ལུང་དང་བཅས་ཏེ། རྒྱ་ནག་གཞུང་གི་འཁྱོག་བཤད་བསེད་དཀྲོལ་གྱི་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དཔར་བསྐྲུན་དང་དང་འབྲེལ། སྤྱི་ཟླ་༩པའི་ཚེས་༡༤ཉིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས་དབུ་འབྱེད་གནང་ཡོད་ཅིང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། ང་ཚོ་བོད་ཀྱི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་སྤྲུལ་སྐུ་ངོས་འཛིན་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཆབ་སྲིད་དང་འབྲེལ་བ་མེད་པ་ཞིག་ཡིན་པས། རྒྱ་ནག་གིས་བཤད་བསྡད་པ་དེ་ཚོ་ཚང་མ་ཆབ་སྲིད་དང་ཁུངས་ལུང་མེད་པ་དེབ་དེས་གསལ་བོ་མཚོན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དཔར་བསྐྲུན་གྱི་དེབ་དེའི་ནང་༧པཎ་ཆེན་བཅུ་པ་ངོས་འཛིན་ལས་འཕྲོས་ཏེ་གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་སྔར་ནས་མཇུག་སྒྲིལ་ཡོད་སྐོར་དཔྱད་རྩོམ་སྤེལ་མཁན། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ནས་ཀྱང་། མན་ཇུའི་རྒྱལ་རབས་མཇུག་རྫོགས་ཏེ་མི་སེར་རྒྱལ་ཁབ་སླེབས་པ་ནས་བཟུང་། གསེར་བུམ་དཀྲུག་འདོན་མཇུག་རྫོགས་པ་དང་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་རྒྱ་ནག་ལ་ཐེ་བྱུས་མེད་པ་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་བོད་ཀྱི་བླ་མ་ཁག་གཅིག་ལ་ཡང་སྲིད་གཉིས་བྱུང་བའི་རྒྱབ་ལྗོངས་དང་ཆབ་སྲིད་གནས་སྟངས་ལ་ཤུགས་རྐྱེན་ཐེབས་ཚུལ་སྐོར་དཔྱད་རྩོམ་སྤེལ་མཁན། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་རྭ་གཉན་ཐར་ལགས་ནས། སྤྲུལ་སྐུའི་ལམ་ལུགས་ནི་ལོ་རྒྱུས་ཡུན་རིང་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པས། དུས་ཕྱིས་སུ་༧རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་སྐབས་ཡང་སྲིད་སྐོར་མན་ཇུ་འབྲེལ་བའི་སྐད་ཆ་སྣ་ཚོགས་དེ་ཡང་། མན་ཇུའི་དུས་མཇུག་ནས་འགྱུར་བ་ཐེབས་ཏེ་རྒྱ་ནག་མི་སེར་རྒྱལ་ཁབ་དང་བོད་གཞུང་ལ་འབྲེལ་བ་ཧ་ཅང་ཉུང་། འོན་ཀྱང་། རྒྱ་ནག་གུང་ཁྲན་ཏང་གིས་སྤྱི་ལོ་༡༩༨༡ནས་བཟུང་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་ལ་འགྲེལ་བཤད་བརྒྱབ་སྟངས་ནི། དེང་སང་ཆེས་གླེང་རྙོག་དང་རྩོད་གཞི་ཅན་ཆགས་ཡོད་པ་དེ་བྱེད་ཕྱོགས་གསར་པ་སྟེ། སྒྲིག་འཛུགས་དང་ཆབ་སྲིད་ཀྱི་ལམ་ནས་བཤད་བསྡད་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དེབ་དེར་བན་བོན་གཉིས་ཀྱི་མཁན་པོ་དགེ་བཤེས་དང་། དེང་རབས་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་ལ་ཉམས་ཞིབ་པ་འབུམ་རམས་པ་ཁག་བཅས་ནས་ཆེད་རྩོམ་འཁོད་ཡོད་ཅིང་། རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༠༧ལོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་ཟེས་པའི་ཁྲིམས་སྲོལ་གཏན་འབེབས་ཀྱིས། བོད་ཀྱི་དགོན་སྡེ་ཁག་གི་འཛིན་སྐྱོང་སྤྱི་དང་། བྱེ་བྲག་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་དབང་ཆ་ཡོངས་རྫོགས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ལག་ཆ་བེད་སྤྱོད་གཏོང་བཞིན་པའི་ཁར། གཏམ་བཤད་སྐོར་བསྐྱོད་སོགས་རྣམ་པ་ཅི་རིགས་ཀྱིས་བོད་མི་སེར་སྐྱ་ཚོར་ཡང་སྲིད་སྐོར་དང་། ལྷག་པར་༧རྒྱལ་བའི་ཡང་སྲིད་སྐོར་ལ་འཁྱོག་བརྗོད་དྲིལ་བསྒྲགས་ཤུགས་ཆེར་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།