རླངས་འཁོར་བརྡབ་སྐྱོན་ཁྲོད་གཞས་མ་སྙིང་མོ་སྐྱིད་བཅས་མི་དྲུག་འདས་གྲོངས་སུ་ཕྱིན་འདུག

2021-07-27
Share
རླངས་འཁོར་བརྡབ་སྐྱོན་ཁྲོད་གཞས་མ་སྙིང་མོ་སྐྱིད་བཅས་མི་དྲུག་འདས་གྲོངས་སུ་ཕྱིན་འདུག གཞས་མ་སྙིང་མོ་སྐྱིད།
དྲ་བཤུས།

རླངས་འཁོར་བརྡབ་སྐྱོན་ཁྲོད་བོད་ནང་གི་གཞས་མ་སྙིང་མོ་སྐྱིད་དང་ཁོང་མོའི་ཕ་མ་གཉིས་བཅས་མི་དྲུག་རྐྱེན་འདས་སུ་ཕྱིན་འདུག
ཟླ་འདིའི་ཕྱི་ཚེས་༢༦་ཉིན་མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ནས་རྒྱང་ཐག་སྤྱི་ལེ་བཞི་ཙམ་གྱི་སར་རླངས་འཁོར་བརྡབ་སྐྱོན་གྱི་དོན་རྐྱེན་བྱུང་ནས། བོད་ནང་གི་གཞས་མ་སྙིང་མོ་སྐྱིད་ལགས་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། འབྲེལ་ཡོད་མི་སྣས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚལ་ངོ་སྤྲོད་གནང་བ་ལྟར་ན། སྐབས་དེར་རླངས་འཁོར་བརྡབ་སྐྱོན་ཁྲོད་གཞས་མ་སྙིང་མོ་སྐྱིད་དང་། དགུང་ལོ་༥༦་ཡིན་པའི་ཁོང་མོའི་ཕ་མ་གཉིས། ཚ་བོ་གཉིས། ལོ་༣་ལ་སོན་མ་ཐག་པའི་ཁོང་མོའི་བུ་བཅས་མི་དྲུག་བརྡབ་སྐྱོན་བྱུང་ཡུལ་ནས་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། རྗེས་སུ་ཀླུ་ཆུ་རྫོང་གི་འགྲིམ་འགྲུལ་ཉེན་རྟོག་པ་འབྱོར་ནས་དོན་རྐྱེན་དེ་ཕྱོགས་གང་གི་ནོར་འཁྲུལ་ཡིན་བ་བརྟག་དཔྱད་བྱེད་བཞིན་པ་ལས་ནོར་འཁྲུལ་སུའི་ཡིན་ད་དུང་ཁ་གསལ་མེད་པ་རེད་འདུག
གླུ་མ་ཅོ་ནེ་སྙིང་མོ་སྐྱིད་ལགས་ནི་ད་ལོ་ལོ་༣༤་ཡིན་པ་དང་། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ནས་ཡིན་པ་རེད། ཁོ་མོས་དེ་སྔ་འབྲི་མོའི་བཞོ་དབྱངས་སོགས་ཆེད་བསྒྲིགས་གླུ་གཞས་འོད་སྡེར་གཉིས་འགྲེམས་སྤེལ་བྱས་ཡོད་པ་་དང་། ཕ་ཡུལ་དང་བུ་མོ་ལགས། སྨོན་ལམ། ལམ་སྟོན་སྒྲོན་མེ། ཕ་ཡུལ་ཀན་ལྷོ་སོགས་བླངས་ཡོད་པ་རེད།
དོན་རྐྱེན་དེ་བྱུང་མ་ཐག་བོད་ཕྱི་ནང་གཉིས་ཀྱི་བོད་མི་མི་ཉུང་བས་སྤྱི་ཚོགས་དྲ་ལམ་ཁག་ཏུ་མྱ་ངན་བསྔོ་སྨོན་བྱེད་བཞིན་པ་ཡང་མཐོང་རྒྱུ་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག ཀླུ་འབུམ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

ཁོ་མོའི་གླུ་གཞས་ཞིག་གཤམ་གྱི་དྲ་ཐག་ནས་གསན་ཐུབ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།