བོད་ཀྱི་ས་ཁུལ་མང་པོའི་ནང་བོད་མི་ཚོའི་ཁ་པར་དང་སྐད་འཕྲིན་སོགས་ལ་ཞིབ་བཤེར་དང་དམ་དྲག

2021-06-25
Share
བོད་ཀྱི་ས་ཁུལ་མང་པོའི་ནང་བོད་མི་ཚོའི་ཁ་པར་དང་སྐད་འཕྲིན་སོགས་ལ་ཞིབ་བཤེར་དང་དམ་དྲག ཡུལ་ཤུལ་ཕྱོགས་སུ་རྒྱ་ནག་གི་ཉེན་རྟོག་པའི་ཞིབ་བཤེར་ས་ཚུགས། ༦།༢༤།༢༡
བོད་འབྱོར།/RFA

མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་གཙོས་པའི་བོད་ཀྱི་ས་ཁུལ་མང་པོའི་ནང་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཁ་པར་དང་སྐད་འཕྲིན་སོགས་ཀྱི་ནང་ཞིབ་བཤེར་དང་དམ་དྲག་བྱེད་བཞིན་ཡོད་འདུག
རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ནས་ལོ་ངོ་༡༠༠་འཁོར་བའི་དུས་དྲན་ལ་ཉེ་བ་དང་བསྟུན། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་དྲ་རྒྱའི་བདེ་འཇགས་ཁྲིམས་ལུགས་སོགས་ལ་ཁ་གཡར་ནས། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་སོགས་སུ་བོད་མི་ཚོའི་ཁ་པར་དང་སྐད་འཕྲིན་སོགས་ཀྱི་ནང་། ཆེད་དམིགས་ཆབ་སྲིད་ཀྱི་གནད་དོན་ཡོད་མེད་ཐད་ནས་ཞིབ་བཤེར་དང་དམ་དྲག་བྱེད་བཞིན་ཡོད་པ་བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བྱུང་། ཁོང་གིས་འགྲེལ་བརྗོད་གནང་བར་གཞིགས་ན། ཉིན་ཤས་སྔོན་རྒྱ་ནག་གཞུང་གིས་དྲ་ལམ་ཁག་ཏུ་ལོ་རྒྱུས་ནོར་འཁྲུལ་ཅན་གྱི་གཏམ་བཤད་ཁྱབ་སྤེལ་བྱེད་པ་དང་། ངན་སེམས་བཅངས་བཞིན་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས། དམག་དཔུང་གི་ལོ་རྒྱུས་བཅས་ལ་འཁྱོག་བཤད་དང་། དམའ་འབེབས་གཏོང་བ། ཁས་མི་ལེན་པ་སོགས་ཀྱི་ནང་དོན་ཡོད་རིགས་ཐེར་འདོན་བྱ་རྒྱུ་ཡིན་པའི་བརྡ་ཁྱབ་བཏང་ཡོད་པ་ལྟར། ད་ལྟའི་ཆར་ཡུལ་ཤུལ་ཁུལ་གྱི་རྫོང་ཁག་སོ་སོའི་ནང་རྒྱ་ནག་གཞུང་གིས་ཆེད་དམིགས་ཞིབ་བཤེར་ས་ཚིགས་བཟོས་ཏེ། བོད་མི་ཚོའི་ཁ་པར་དང་སྐད་འཕྲིན་སོགས་ཀྱི་ནང་སྔོག་བཤེར་དང་འདྲི་རྩད་བྱེད་མགོ་ཚུགས་ཡོད་པ་མ་ཟད། བོད་མི་༢༠་ལྷག་གི་མིང་ཐོ་དངོས་སུ་བྲིས་ཏེ། མི་སྣ་དེ་དག་ནི་དམིགས་བཀར་ཞིབ་བཤེར་བྱ་དགོས་ཡུལ་ཁག་ཡིན་པ་དང་། དེ་དག་དངོས་སུ་ཞིབ་བཤེར་ས་ཚིགས་སུ་ཡོང་དགོས་པའི་རྩད་གཅོད་དང་འབོད་འགུག་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།

yulshul (1).jpeg
ད་དུང་རྒྱ་ནག་གཞུང་གིས་ཡུལ་ཤུལ་གྱི་ས་ཁུལ་མང་པོའི་ནང་དེ་སྔ་ནས་དྲ་ལམ་ཁག་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། ད་ལྟ་བོད་མི་ཚོས་དབྱར་རྩ་དགུན་འབུ་རྐོ་བཞིན་པའི་དུས་ཚིགས་ཡིན་ན་ཡང་། དབྱར་རྩ་དགུན་འབུ་རྐོ་སའི་ས་ཁུལ་སོགས་ལ་ཉེན་རྟོག་པས་སྐོར་སྲུང་དང་། ས་ཚིགས་ཁག་ཏུ་ཞིབ་བཞེར་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་འདུག
རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་ནང་མི་ཡོད་མཁན་དང་། དངུལ་བསྐུར་མཁན་ཚོར་དུས་རྒྱུན་ནས་ཞིབ་བཤེར་དང་འབོད་འགུག་སོགས་བྱེད་བཞིན་ཡོད་འདུག་ལ། འབྲེལ་ཡོད་བོད་མི་གཞན་ཞིག་གིས་འགྲེལ་བརྗོད་གནང་བ་ལྟར་ན། སྐད་འཕྲིན་བརྒྱུད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་མྱོང་མཁན་ཚོ་བདུན་རེའི་ནང་ཉེན་རྟོག་ཁང་ལ་ཐེངས་གཅིག་རེ་འགྲོ་དགོས་པ་དང་། དེ་བཞིན་སྐད་འཕྲིན་ནས་དམིགས་བསལ་རྒྱ་གར་ནང་དངུལ་སྐུར་མྱོང་མཁན་ཡིན་ཚེ་ཉིན་ཤས་རིང་བཀག་ཉར་རིགས་བྱེད་བཞིན་པ་ཡོད་པ་རེད་འདུག་ལ། བོད་མི་ཚོས་ཕྱི་ལོགས་སུ་འབྲེལ་བ་བྱ་རྒྱུར་འཇིགས་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག
དེ་བཞིན་བོད་ནང་གི་འབྲེལ་ཡོད་གཞན་ཞིག་གིས་དེང་སང་བོད་ཁུལ་གྱི་དགོན་པ་དང་སློབ་གྲྭ་ཁག་སོགས་སུ་རྒྱ་ནག་གཞུང་གིས་ཆེད་དམིགས་སོ་ཉུལ་བ་འཇོག་པ་དང་། སྐད་འཕྲིན་དེ་རྒྱ་ནག་གཞུང་གི་ལག་ནང་དུ་ཡོད་པ་ལྟར་ག་རེ་བཤད་དང་སུ་དང་འབྲེལ་བ་བྱས་ཡོད། ཚོགས་པ་ག་ཚོད་ནང་དུ་འཛུལ་ཡོད་དང་ག་རེ་སྐུར་བཞིན་ཡོད་སོགས་རྗེས་འདེད་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་དེང་སྐབས་དོ་སྣང་དགོས་པའི་གནས་ཚུལ་མང་པོ་འབྱུང་བཞིན་ཡོད་ཀྱང་། སྐད་འཕྲིན་བརྒྱུད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཚེ་འཛིན་བཟུང་བཀག་སྐྱིལ་སོགས་ཉེད་ཆད་འདྲ་མིན་གཅོད་བཞིན་པར་བརྟེན་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་བྱ་རྒྱུར་འཇིགས་སྣང་བྱེད་བཞིན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།