བོད་ནང་གར་སོང་ཆ་མེད་གྱུར་བའི་བོད་མི་ཚོའི་ཐད་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་འདྲི་རྩད་གནང་འདུག
བོད་ནང་གི་བོད་མི་བཅུ་དྲུག་གི་མིང་བཏོན་ནས་རྒྱ་ནག་གི་བཙན་ཤེད་འོག་གར་སོང་མེད་པར་གྱུར་བ་དང་གནས་སྟངས་ཤེས་རྟོགས་མེད་པའི་གནས་ཚུལ་ཐད་ལ། འཛམ་གླིང་ནང་བཙན་ཤེད་འོག་གར་སོང་མེད་པར་གྱུར་བའི་གནས་སྟངས་ཐོག་ལ་ཕྱག་ལག་གནང་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་གིས། རྒྱ་ནག་གཞུང་ལ་བོད་མི་དེ་དག་གང་དུ་ཡོད་མེད་འདྲི་རྩད་གནང་ཡོད་པ་རེད།
ཕྱི་ཟླ་དགུ་པའི་ཚེས་༦རེས་གཟའ་ལྷག་པའི་ཉིན་གསལ་བསྒྲགས་སྤེལ་བའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལྷན་ཚོགས་ཚོགས་འཆར་ཡོད་པའི་སྐབས་འདིར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་གིས་ཉེ་ཆར་བཏོན་པའི་སྙན་ཐོའི་ནང་། བོད་མི་༡༦དེ་དག་ཆབ་སྲིད་ཀྱི་གནད་དོན་གྱི་རྐྱེན་པས་འཛིན་བཟུང་བཙོན་འཇུག་བྱས་རྗེས་གནས་སྟངས་ཤེས་རྟོགས་མེད་པའི་སྐོར་བཀོད་ཡོད་པ་རེད།
དེའི་ཐད་ཇར་མཎ་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་(Kai Müller)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་དེས་བོད་ནང་གི་བོད་མི་༡༦གར་སོང་མེད་པ་གྱུར་བ་དང་། དེ་དག་གི་གནས་སྟངས་སྐོར་རྒྱ་ནག་གཞུང་ལ་འདྲི་རྩད་གནང་བར་དགའ་བསུ་ཡོད། གནད་དོན་འདི་གླེང་བ་དང་སྐབས་ཐོག་འདྲི་རྩད་གནང་བ་གནད་འགག་ཆེན་པོ་རེད། འདིས་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་སྡུག་རྩུབ་ཀྱི་སྲིད་ཇུས་སྤེལ་བཞིན་པའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་བཞིན་པ་མཚོན་པ་དང་། ང་ཚོས་མི་རིང་བའི་སྤྱི་ལོ་༢༠༢༤ལོའི་ཟླ་དང་པོའི་ནང་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བསྐྱར་ཞིབ་སྐབས་གནད་དོན་དེ་དག་གླེང་སློང་བྱེད་རྩིས་ཡོད་པ་གསུངས་བྱུང་།
ཡང་བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ཀྱིས་གསུངས་ན། བོད་ནང་བཙོན་འཇུག་དང་གར་སོང་ཆ་མེད་གྱུར་བའི་བོད་མིའི་གྲངས་འབོར་རྒྱ་ནག་གཞུང་གིས་དྲང་པོ་བཤད་ཀྱི་མེད་པར་སྦས་གསང་བྱེད་བཞིན་པ་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོས་རྒྱ་ནག་གཞུང་གིས་བཙོན་འཇུག་དང་གར་སོང་ཆ་མེད་གྱུར་བའི་གྲངས་འབོར་དེ་ལས་མང་བ་ཡོད་ཡིད་ཆེས་བྱེད་བཞིན་འདུག
འཛམ་གླིང་ནང་འགྲོ་བ་མི་ལ་བཙན་ཤེད་ཀྱིས་གར་སོང་མེད་པ་བཟོ་བའི་བྱ་སྤྱོད་ཐོག་ལ་ཕྱག་ལས་གནང་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་གི་རང་དབང་ཅན་གྱི་ཆེད་ལས་རྟོག་ཞིབ་མི་སྣ་ལྔ་ཡིས། ཉེ་ཆར་༢༠༢༣ལོའི་ཕྱི་ཟླ་གཉིས་པའི་ནང་ཚོགས་པའི་ལྷན་ཚོགས་༡༢༩་ཐོག་ལ། བོད་མི་རྡོ་སྐྱབས་ལགས་དང་། རྒྱལ་མཚན་ལགས། བློ་ཚེ་ལགས། སར་གྲགས་ལགས། སྟོབས་དགའ་ལགས། ཤེས་རབ་རྡོ་རྗེ་ལགས། བསྟན་འཛིན་ཉི་མ་ལགས། དབང་ཆེན་ཉི་མ་ལགས། གཡུ་སྒྲོག་ལགས། པདྨ་རིན་ཆེན་ལགས། གངས་སྐྱེས་སྒྲུབ་པ་སྐྱབས་ལགས། གངས་བུ་གཡུ་སྒྲུབ་ལགས། བསམ་གྲུབ་ལགས། སྲས་རྣམ་ལགས། དེ་མིན་འཛམ་དཀར་ལགས་དང་ཚེ་རིང་སྒྲོལ་མ་བཅས་གར་སོང་མེད་པར་གྱུར་བའི་བོད་མི་དེ་དག་གི་གནད་དོན་རྩད་ཞིབ་གནང་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་དེས་མུ་མཐུད་དུ་རྒྱ་ནག་གཞུང་ལ་ཡིག་ཐོག་ནས་འབྲེལ་བ་གནང་སྟེ། བོད་མི་གང་སོང་མེད་པ་གྱུར་བ་ཚོའི་གནས་སྟངས་ཇི་འདྲ་ཡོད་མེད་ཀྱི་གནས་ཚུལ་མཁོ་སྤྲོད་ཡོང་ཐབས་ཀྱི་འབོད་སྐུལ་གནང་བཞིན་ཡོད་པ་རེད་འདུག
བོད་མི་དེ་དག་གི་གནད་དོན་ཐད་གསལ་བཤད་ཇི་ཡོད་དང་། རྒྱ་ནག་གཞུང་གི་ལངས་ཕྱོགས་ཇི་ཡིན་སྐོར་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་དང་། ཨ་རིའི་རྒྱལ་སར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་གསར་འགོད་འབྲེལ་མཐུད་པར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འབྲེལ་བ་ཞུས་པར་ད་བར་ལན་འདེབས་གང་ཡང་བྱུང་མ་སོང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།