མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ།

2024.01.23
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཚོགས་རྭ། ༠༡།༢༣།༢༠༢༤
UNHRC

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་གནང་སྐབས་རྒྱལ་ཁབ་ཁག་ཉི་ཤུ་ལྷག་གིས་བོད་དོན་དང་འབྲེལ་བའི་དོན་ཚན་ ༢༥ རྒྱབ་གཉེར་གནང་ཡོད་ཅིང་། འདི་ནི་ ༢༠༡༨ལོར་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་དང་བསྡུར་ན་ལྡབ་གཅིག་ལྷག་གི་མང་བ་བྱུང་ཡོད་པ་རེད།
ཕྱི་ཟླ་ ༡ ཚེས་ ༢༣ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པའི་ལས་དོན་འགོ་འཛུགས་གནང་ཡོད་པ་རེད། སྐབས་དེར་ཨ་མི་རི་ཀས་རྒྱབ་གཉེར་དོན་ཚན་༣དང་། ཁེ་ན་ཌ་ཡིས་༢། ཇར་མ་ནི་ཡིས་༢། ནེ་ཐར་ལེནཌ་ཡིས་༡། སུད་སི་ཡིས་༡བཅས་བྱུང་ཞིང་། ལི་ཐུཝིནི་ཡའི་སྐུ་ཚབ་ཀྱིས་བོད་ནང་བོད་ཕྲུག་བྱིས་པ་ཚང་མར་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་གི་ཐོབ་ཐང་སྤྲོད་དགོས་སྐོར་ཚུད་པའི་རྒྱབ་གཉེར་དོན་ཚན་༢གནང་ཡོད་པ་ནི་བོད་དོན་ཐད་རྒྱབ་གཉེར་གནང་མཁན་རྒྱལ་ཁབ་གསར་ཤོས་དེ་ཆགས་ཡོད་པ་རེད།

དུས་བཀག་བསྐྱར་ཞིབ་༢༠༢༤ལོར་བོད་དོན་གླེང་མཁན་ལྡབ་གཅིག་ལྷག་མང་བ་བྱུང་པ།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་སྐབས་འདིར། རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་༢༠ཡིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་། དམ་དྲག་གི་སྲིད་ཇུས་མཚམས་འཇོག་དགོས་པ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་བཅས་པར་རྡོག་རོལ་གཏོང་རྒྱུ་མཚམས་འཇོགས་དགོས་པ་བརྗོད་པ་དང་མཉམ། རྒྱ་ནག་གཞུང་གིས་བོད་ནང་བཙུགས་པའི་བཅའ་སྡོད་སློབ་གྲྭ་ཁག་སྒོ་རྒྱག་དགོས་པ་དང་། བོད་པའི་སྒེར་འཛུགས་སློབ་གྲྭ་ཁག་གཉེར་བཅུག་སྟེ་བོད་ཕྲུག་སློབ་མ་ཚོར་མི་རིགས་རང་གི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཀྱི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

CHINA-UPR-TIBET-UN-MEMBER-STATES.2.pngབཟོ་འགོད་པ། ནོར་བུ་སྒྲོལ་མ། བསྟན་འཛིན་པདྨ།

སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒྱལ་ལོ་ལགས་ནི། བོད་ནང་དུ་བཅའ་སྡོད་སློབ་གྲྭའི་སྐོར་ཞུ་གཏུག་གི་ལས་འགུལ་སྤེལ་མཁན་གཙོ་བོ་ཡིན་ཞིང་། ཁོང་དེང་སྐབས་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་གནང་སྐབས་བོད་དོན་ཞུ་གཏུག་ཆེད་ཕེབས་ཡོད་པ་རེད། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་༢༠ཡིས་བོད་ཀྱི་སྐོར་ལ་ཐད་ཀར་རྒྱབ་གཉེར་གནང་པ་དང་། ལྷག་པར་བོད་ནང་དུ་བཅའ་སྡོད་སློབ་གྲྭ་བཙན་དབང་སྒོ་ནས་བཙུགས་ཡོད་པ་རྣམས་རྩ་མེད་བཟོ་དགོས་པ་ནན་བརྗོད་བྱས་པ། ཉི་ཧོང་དང་ལི་ཐུཝིནི་ཡ་བཅས་སྔར་མེད་བོད་སྐོར་ལ་རྒྱབ་གཉེར་བྱེད་མཁན་གསར་དུ་བྱུང་བ་ནི་འཕེལ་རིམ་གསར་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མ་ཎིའི་ཡན་ལག་འགན་འཛིན་(Kai Müller) ལགས་ཀྱིས་ཀྱང་། ད་རེས་ཀྱི་རྒྱལ་ཚོགས་ཀྱིས་དུས་བཀག་བསྐྱར་ཞིབ་ཆེད་བཏོན་པའི་སྙན་ཐོའི་ནང་ཐད་ཀར་བོད་ཀྱི་གནད་དོན་སྐོར་སྔར་ལས་མང་བ་བཀོད་པ་དེས་བོད་ཀྱི་རྩ་དོན་ཐོག་དོ་སྣང་ཡོད་པ་མཚོན་པར་མ་ཟད། དེས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོར་སེམས་ཤུགས་འཕར་མ་ཞིག་སྤྲོད་རྒྱུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཚོགས་མིའི་རྒྱལ་ཁབ་ཁག་གིས་རྒྱབ་གཉེར་གནང་པའི་ནང་། བོད་ནང་བཙན་ཤེད་ཀྱི་ངལ་རྩོལ་སྐུལ་པ་དང་། ངལ་རྩོལ་བ་གནས་སྤོ་བྱེད་བཅུག་པའི་གནད་དོན་ཁག་གླེང་ཡོད་པ་དང་ཆབས་ཅིག བོད་ནང་དུ་རྒྱལ་སྤྱིའི་སྐུ་ཚབ་ལ་འགོག་རྐྱེན་མེད་པར་རྟོག་ཞིབ་བྱེད་དུ་འཇུག་དགོས་པ། བོད་མིའི་ཆོས་དང་རིག་གཞུང་། སྨྲ་བརྗོད་རང་དབང་གི་ཐོབ་ཐང་སྲུང་སྐྱོབ་དགོས་པ་སོགས་བཀོད་ཡོད་འདུག
ཕྱི་ཟླ་༡ཚེས་༢༣ཉིན་དུས་བཀག་བསྐྱར་ཞིབ་ཀྱི་ཚོགས་ཐུན་གྲུབ་རྗེས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་དྲ་བའི་འགན་འཛིན་(Mandie McKeown)་ལགས་ཀྱི་མཚན་ཐོག་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་ད་ལྟའི་དུས་འདིར་རྒྱབ་གཉེར་འདི་འདྲ་ཞིག་གནང་པ་ནི་ད་ལྟ་ཛ་དྲག་ཆེ་བའི་དུས་འདིར་རན་འཚམས་ཤིག་ཡིན་པ་དང་། ད་རེས་རྒྱལ་ཁབ་གྲངས་འབོར་མང་པོ་ཞིག་གིས་བོད་ཀྱི་གནད་དོན་ཐོག་སླེབས་སྐབས་རྒྱ་ནག་གཞུང་གིས་ཁ་བཙུམ་ནས་སྡོད་དགོས་པའི་འཇིགས་སྣང་སྐུལ་བ་དེར་མོས་མཐུན་མེད་པའི་རྣམ་འགྱུར་གྱི་དཔེ་མཚོན་ཞིག་བསྟན་པ་རེད་ཅེས་གསུངས་པ་དང་མཉམ། རྒྱ་ནག་གིས་འདི་ལྟ་བུའི་སྡུག་རྩུབ་དྲག་པོའི་བྱ་སྤྱོད་སྤེལ་བའི་སྐབས་ད་དུང་ཡང་སྐད་ཆ་ཤོད་མཁན་མང་དུ་ཡོང་དགོས་པ་དེ་ཡང་གལ་ཆེན་པོ་རེད་ཅེས་གསུངས་འདུག
རྒྱལ་ཚོགས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་གནང་སྐབས་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱིས་བོད་དོན་དང་འབྲེལ་བའི་དོན་ཚན་༢༥རྒྱབ་གཉེར་གནང་པ་ནི། ཕྱི་ལོ་༢༠༡༨ལོར་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ཐེངས་༣པའི་སྐབས་རྒྱལ་ཁབ་༩ཡིས་རྒྱབ་གཉེར་དོན་ཚན་༡༠བྱས་པ་ལས་རྒྱལ་ཁབ་ཀྱི་གྲངས་འབོར་དང་རྒྱབ་གཉེར་དོན་ཚན་གྱི་གྲངས་འབོར་ལྡབ་གཅིག་ལྷག་གི་མང་བ་བྱུང་བ་ཞིག་ཡིན་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་གཟིགས་ཚུལ།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ད་རེས་བསྐྱར་ཞིབ་འདིའི་སྐབས་བོད་ནང་གི་འགྲོ་བ་ཐོབ་ཐང་དང་། བཅའ་སྡོད་སློབ་གྲྭའི་གནས་བབ་ཐད་གླེང་སློང་བྱེད་པའི་སྐབས། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་མི་རིགས། ཧོང་ཀོང་བཅས་ཀྱི་གནས་སྟངས་ཐད་ཁ་གསལ་མ་གླེང་བར་སྦས་སྐུང་བྱས་པ་དང་། ད་རེས་བསྐྱར་ཞིབ་སྐབས་དྲི་བ་མང་པོ་གླེང་པ་འདི་དག་ལ་དངོས་ཡོད་དྲང་བདེན་གྱི་ཐོག་ནས་ལན་འདེབས་བྱ་དགོས་ཤིང་། ༢༠༡༨ལོར་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་སྐབས་དྲི་བ་ཁག་མང་པོ་ཞིག་ལ་རྒྱ་ནག་གིས་ལན་འདེབས་བྱེད་ཐུབ་ཡོད་མ་རེད་ཅེས་བརྗོད་བྱུང་།

lekshey.jpg

འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལྟ་ཚུལ།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་ད་རེས་རྒྱ་ནག་ཐོག་ལ་དུས་བཀག་བསྐྱར་ཞིབ་སྐབས་སུ་བོད་ཀྱི་གནས་སྟངས་སྐོར་གླེང་སློང་བྱེད་མཁན་ཚོགས་མིའི་རྒྱལ་ཁབ་མང་བ་བྱུང་པ་དང་། ༢༠༡༨ལོའི་བསྐྱར་ཞིབ་རྗེས་སུ་ལོ་བཞི་དང་ཕྱེད་ཀའི་བརྒྱུད་རིམ་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དོ་སྣང་བྱེད་མཁན་མང་དུ་སོང་བ་དང་། འཛམ་གླིང་ཁྱོན་ནས་རྒྱ་ནག་ལ་རྒྱབ་གཉེར་གྱི་ནང་དོན་ཁག་ལ་འགན་འཁྲི་འཁུར་དགོས་པ་བཟོ་བཞིན་པ་བཅས་ཀྱི་འགྱུར་འགྲོས་འདི་དག་ནི་དགའ་བསུ་ཞུ་འོས་པ་ཞིག་རེད་ཅེས་དང་། ཁོང་གིས་ད་དུང་འདི་ནི་རེ་བ་བྱེད་ཡུལ་གྱི་རྟགས་མཚན་དང་བློ་སྤོབས་སྐྲུན་གཞི་ཞིག་ཡིན་པ་མ་ཟད། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་རྒྱ་ཁྱབ་ཆེན་པོའི་ཐོག་ནས་ཞུ་གཏུག་བྱས་པའི་གྲུབ་འབྲས་ཀྱི་ཤིག་རེད་ཅེས་གསུངས་བྱུང་།

རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་བོད་དོན་ལས་འགུལ།
ཕྱི་ཚེས་༢༣ཉིན་ཇི་ནི་ཝར་རྒྱལ་ཚོགས་ཀྱི་རྒྱ་ནག་ལ་དུས་བཀག་བསྐྱར་ཞིབ་གནང་པའི་སྐབས་དང་བསྟུན། རྒྱལ་ཚོགས་ཀྱི་ཕྱི་ཕྱོགས་སུ་ཡོ་རོབ་བོད་ཀྱི་གཞོན་ནུའི་མཐུན་ཚོགས་དང་། སུད་སི་ཡུ་གུར་ཚོགས་པ། འཇར་མཎ་ནང་རྟེན་གཞི་བྱས་པའི་ཕ་ལུང་གོང་རྩ་རླུང་སྒོམ་སྒྲུབ་ཚོགས་པ་སོགས་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཡར་རྒྱས་གཏོང་རྒྱུ་ཕར་ཞོག་ད་དུང་མུ་མཐུད་རྡོག་རོལ་གཏོང་བཞིན་པར་བརྟེན། རྒྱལ་ཚོགས་ཀྱིས་གཟིགས་ཞིབ་གནང་དགོས་པའི་འབོད་སྐུལ་ཞུས་ནས་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་ཞིག་སྤེལ་འདུག

protest china un.jpg
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པར། ད་རེས་ཀྱི་ཚོགས་འདུ་འདིའི་ཐོག་རྒྱ་ནག་ལ་ཐད་ཀར་བོད་ནང་གི་བཅའ་སྡོད་སློབ་གྲྭ་དང་། ཆོས་དད་རང་དབང་གི་གནད་དོན། འབྲོག་པ་གནས་སྤོའི་གནད་དོན་ཐད་དྲི་བ་གནད་འགག་ཅན་མང་པོ་བཏང་ཡོད་པ་གསལ་བཤད་གནང་བྱུང་།

དུས་བཀག་བསྐྱར་ཞིབ་སྐབས་ཨ་རིའི་བོད་དོན་ཐོག་བཞེངས་ཕྱོགས།
རྒྱལ་ཚོགས་ཀྱི་ཨ་མི་རི་ཀའི་གཞུང་ཚབ་པ་(Michèle Taylor)་མི་ཤེལ་ཊེ་ལར་ལགས་ཀྱིས། ད་རེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་གནང་བའི་སྐབས་ཆེད་དུ་བོད་ཡིག་དང་རྒྱ་ཡིག ཡུ་གུར་དང་དབྱིན་ཡིག་བཅས་ཀྱི་ནང་ཨ་རིའི་ལངས་ཕྱོགས་མཚོན་པའི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་ཞིག་(x)་སྤྱི་ཚོགས་བརྒྱུད་ལམ་ཐོག་སྤེལ་ཡོད་པའི་ནང་། རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ནང་དང་དེ་བཞིན་ཕྱིའི་ཡུལ་གྲུའི་ནང་གནས་པའི་ཤིན་ཅང་དང་། བོད། ཧོང་ཀོང་གི་མི་རིགས་སོགས་ཀྱི་སྒེར་གྱི་མི་ཚེའི་ཐོག་བསུན་གཙེར་བཟོ་བ་དང་། མྱུལ་ཞིབ་དང་འཇིགས་སྐུལ་བྱ་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་དང་། མི་སྒེར་གྱི་རིག་གཞུང་དང་། སྐད་ཡིག ཆོས་ལུགས། ཡང་ན་དད་མོས་བཅས་ལ་དབྱེ་འབྱེད་མཚམས་འཇོག་དང་། བཙན་ཤེད་ཀྱི་ཐོག་ནས་བོད་དང་། ཤིན་ཅང་ནང་གཏན་འཇགས་སློབ་གྲྭ་ཆེད་འཛུགས་དང་མི་རིགས་མཉམ་བསྲེས་ཀྱི་སྲིད་ཇུས་མཚམས་འཇོག་བྱེད་དགོས་པ་བརྗོད་ཡོད་པ་རེད།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་གསུང་བཤད།
ཨ་རིའི་གཞུང་གི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ་(Uzra Zeya)་མཆོག་གིས་བརྙན་ལམ་བརྒྱུད་རྒྱལ་ཚོགས་ཀྱི་རྒྱ་ནག་ཐོག་གི་བསྐྱར་ཞིབ་གནང་པའི་ཉིན་གཅིག་གི་གོང་གཏམ་བཤད་སྤེལ་བའི་ནང་། འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་གཞུང་གིས་སྡུག་རྩུབ་ཧ་ཅང་ཆེ་བའི་སྲིད་བྱུས་ལམ་ལུགས་ཀྱི་འོག་ནས། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་དང་། བོད་མི་ཚོར་རང་གི་སྐད་ཡིག་དང་ཆོས་ལུགས། མི་རིགས། རིག་གཞུང་སྲུང་སྐྱོབ་བྱེད་མི་འཇུག་པའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད་ཅེས་གསུངས་ཤིང་། རྒྱ་ནག་གཞུང་གིས་སྡུག་རྩུབ་མངོན་གསལ་དོད་ཤོས་བྱེད་ཡུལ་ནི་བོད་ཡིན་པ་གསུངས་པར་མ་ཟད། རྒྱ་ནག་གཞུང་གིས་བོད་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུང་ལག་བསྟར་མཚམས་འཇོག་དགོས་པ་དང་། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱ་ནག་གཞུང་གིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གམ་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གྱི་ལས་རིམ་སླར་གསོ་དགོས་པའི་དགོས་འདུན་བཏོན་གནང་འདུག
འདི་ནི་ལྕམ་ཨུཛ་ར་ཛི་ཡ་མཆོག་གིས་ཇི་ནི་ཝར་བོད་ཀྱི་གནད་དོན་གླེང་པའི་ཟུར་ཚོགས་ཀྱི་ཚོགས་འདུ་ཞིག་ཚོགས་པའི་ཐོག་བརྙན་འཕྲིན་བརྒྱུད་གཏམ་བཤད་གནང་པ་ཞིག་ཡིན་པ་དང་། ཟུར་ཚོགས་དེའི་སྐབས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། བོད་དོན་ལས་འགུལ་བསྟི་གནས་ཁང་གི་བཀྲས་མཐོང་ལྷ་སྒྲོན་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་བཅས་ཀྱིས་བོད་ནང་གི་གནས་སྟངས་ཐད་ར་སྤྲོད་གཏམ་བཤད་གནང་འདུག

ཨ་རིའི་གྲོས་ཚོགས་སུ་ཉན་ཞིབ་གནང་འཆར།
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐད་ཀྱི་ཆེས་མཐོའི་ལས་དོན་ལྷན་ཚོགས་(Congressional-Executive Commission on China)་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཡིག་ཐོག་གཟིགས་ཚུལ་བཀའ་འདྲི་ཞུས་པར། ཚོགས་ཆུང་གི་ངོས་ནས་ད་ལྟའི་འཕེལ་རིམ་ལ་གཞིགས་ཏེ་ཕྱི་ཟླ་༢ཚེས་༡ཉིན་གྲོས་ཚོགས་ཀྱི་ཉན་ཞིབ་ཞིག་གནང་འཆར་ཡོད་སྟབས། སྐབས་དེ་དུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་རྣམ་པའི་དགོངས་ཚུལ་རྣམས་སྐབས་དེར་གསལ་རྟོགས་ཡོང་རྒྱུ་ཡིན་པ་གསུངས་བྱུང་།

མཇུག་སྐྱོང་།
རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་འདི་ནི་ལོ་ལྔ་ཚན་རེའི་མཚམས་ཚོགས་སྲོལ་ཡོད་ཅིང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་བསྐྱར་ཞིབ་ཚོགས་འདུ་བཞི་པ་འདིའི་ཐོག་རྒྱལ་ཁབ་༢༠ཙམ་གྱིས་དྲི་བ་གནང་ཞིང་། རྒྱབ་གཉེར་དོན་ཚན་༢༤ལྷག་གནང་ཡོད་པ་ལྟར་དེའི་ཐད་རྒྱ་ནག་གཞུང་གིས་དུས་ཡུན་རྒྱས་བཅད་ནང་ཚུད་ལན་འདེབས་འགན་འཁུར་ཞུས་ཏེ། རྒྱ་ནག་གཞུང་ཕྱོགས་ནས་རྒྱལ་ཚོགས་ཀྱི་ཚོགས་མི་ཚོས་བཏོན་པའི་རྒྱབ་གཉེར་ཁག་ལག་བསྟར་བྱེད་དགོས་ཀྱི་ཡོད་པ་རེད། དེ་ལྟར་ལག་བསྟར་འབྱུང་མིན་༢༠༢༩ལོར་ཚོགས་རྒྱུའི་རྒྱ་ནག་གི་བསྐྱར་ཞིབ་ཐེངས་༥པའི་ཐོག་ཞིབ་འཇུག་དང་རྗེས་འདེད་བྱ་རྒྱུ་ཡིན་པ་རེད་ལ། ཕྱི་ལོ་ ༢༠༡༨ལོར་རྒྱ་ནག་ཐད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བསྐྱར་ཞིབ་ཐེངས་༣པའི་སྐབས་རྒྱབ་གཉེར་དོན་ཚན་༡༠འགོད་འབུལ་གནང་ཡོད་པའི་ནང་ནས། དོན་ཚན་༥ཙམ་ལས་ལག་ལེན་དོན་འཁྱོངས་བྱུང་མེད་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་བྱེད་མཁན་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་པདྨ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་བོད་དོན་ཁྲིམས་འཆར་ལ་སྲིད་འཛིན་གྱི་མཚན་རྟགས་ཞུ་ཆེད་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་དབྱིངས་སྐྱིད་ལགས་ཡང་བསྐྱར་ཨོ་ལིམ་པིཀསི་རྩེད་འགྲན་ནང་ཞུགས་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎