ཨོསི་ཊརེ་ལི་ཡས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཐད་མུ་མཐུད་སྐུལ་མ་གཏོང་གི་ཡིན་གསུངས་བྱུང་།

ཉེ་ཆར་སྤྱི་ཟླ་དང་པོའི་ཚེས་༢༣་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་གནང་སྐབས། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཉི་ཤུ་ལྷག་གིས་བོད་དོན་དང་འབྲེལ་བའི་གནད་དོན་དོན་ཚན་༢༥རྒྱབ་གཉེར་གནང་ནས་བོད་དོན་གླེང་ཡོད་པ་དང་། ཨོསི་ཊརེ་ལི་ཡ་(Australia)་དེའི་ཁྲོད་ཀྱི་གཅིག་ཡིན་པ་རེད། དེ་འབྲེལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨོསི་ཊརེ་ལི་ཡ་གཞུང་ལ་འབྲེལ་བ་བྱས་སྐབས། ཨོསི་ཊརེ་ལི་ཡའི་ཕྱི་སྲིད་དང་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པས་ཡིག་ཐོག་ལན་འདེབས་གནང་བའི་ནང་། ཨོསི་ཊརེ་ལི་ཡ་གཞུང་གིས་བོད་ནང་ཉམས་དམས་སུ་འགྲོ་བཞིན་པའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་བྱེད་བཞིན་ཡོད་པ་གསུངས་བ་དང་མཉམ། ད་རེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་ལ་དུས་བཀག་བསྐྱར་ཞིབ་གནང་སྐབས་ཚོགས་མི་རྒྱལ་ཁབ་ཁག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གླེང་སློང་གིས་དེ་འབྲེལ་ཡར་རྒྱས་གཏོང་དགོས་བའི་བསམ་འཆར་དང་ལམ་སྟོན་གནང་བ་ཁག་རྒྱ་ནག་གཞུང་གིས་ངོས་ལེན་དང་དངོས་སུ་ལག་བསྟར་གནང་དགོས། ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་བ་གནང་བའི་སྐབས། ཨོསི་ཊརེ་ལི་ཡའི་སྐུ་ཚབ་ཀྱི་ངོས་ནས་རྒྱ་ནག་སྤྱི་དང་ལྷག་པར་དུ་རྒྱ་ནག་གིས་བོད་ནང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་གནས་སྟངས་རྒྱབ་གཉེར་དང་བཅས་གསལ་སྟོན་བྱས་ཡོད། མ་ཟད་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བཀའ་ཁྱབ་བརྩི་སྲུང་ཞུ་སླད་ཨོསི་ཊརེ་ལི་ཡས་རྒྱ་ནག་དང་། དེ་བཞིན་རྒྱལ་ཁབ་གཞན་དག་དང་མཉམ་ཐུན་མོང་མཉམ་ལས་ཀྱིས་རྒྱ་ནག་གཞུང་ལ་མུ་མཐུད་དུ་སྐུལ་མ་གཏོང་གི་ཡིན་ཞེས་འཁོད་འདུག
རྒྱ་ནག་གཞུང་གིས་དུས་རྒྱུན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡེ་ཚན་ཁག་དང་རྒྱལ་ཁབ་གཞན་ཚོར་བོད་ནང་གི་དངོས་ཡོད་གནས་སྟངས་གཟིགས་ཞིབ་ཆེད་མཉམ་འབྲེལ་གྱི་མཐུན་སྦྱོར་བྱེད་ཀྱི་མེད་པ་དང་། དེ་ནི་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐད་དཀའ་ངལ་ཆེ་ཤོས་སུ་གྱུར་ཡོད་སྟབས། ཨོསི་ཊརེ་ལི་ཡ་ལ་སོགས་པའི་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་ལ་དུས་བཀག་བསྐྱར་ཞིབ་སྐབས་གླེང་སློང་ཤུགས་ཆེ་གནང་ཡོད་པ་རེད།
ཉེ་སྔོན་སྤྱི་ཟླ་དང་པོའི་ཚེས་༢༣་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དངོས་སུ་གནང་བའི་སྐབས། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ཉི་ཤུ་ལྷག་གིས་བོད་དོན་དང་འབྲེལ་བའི་གནད་དོན་དོན་ཚན་༢༥རྒྱབ་གཉེར་གནང་ནས་བོད་དོན་གླེང་ཡོད་པ་དང་། དེ་ནི་༢༠༡༨ལོའི་བསྐྱར་ཞིབ་ཐེངས་གསུམ་པ་དང་བསྡུར་ན་ལྡབ་གཅིག་ལྷག་གི་མང་བ་བྱུང་བའི་ཁྲོད་ཉི་ཧོང་དང་། ལི་ཐུཝི་ནི་ཡ་བཅས་ཀྱིས་བོད་ཀྱི་སྐོར་ལ་གླེང་སློང་དང་རྒྱབ་གཉེར་གནང་མཁན་གསར་བ་བྱུང་བ་ནི་འཕེལ་རིམ་གསར་བ་ཞིག་ཡིན་པ་གནད་དོན་དབྱེད་ཞིབ་པ་ཚོས་འབྲེལ་བརྗོད་གནང་བཞིན་འདུག
དེའི་རྗེས་ཚེས་༢༦ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་བ་མཇུག་སྐྱོང་གནང་ཕྱོགས་ཀྱི་ལས་དོན་ཚོགས་འདུ་ཚོགས་ཡོད་པ་དང་། སྐབས་དེར་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༡༦༡གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གླེང་སློང་གིས་དེ་འབྲེལ་གྱི་བསམ་འཆར་ལམ་སྟོན་ཁག་ཁྱོན་༤༢༨བཏོན་ཡོད་པ་དང་། ཚོགས་མི་རྒྱལ་ཁབ་༣༦གིས་ཚོགས་འདུའི་སྔོན་ཚུད་དུ་རྒྱ་ནག་ལ་དྲི་བ་བཏང་ཡོད་པ་རེད།
* འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་བའི་འབྲེལ་ཡོད་གནས་ཚུལ་ཁག་འདིར་གནན་ན་གཟིགས་ཐུབ།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།