ཨ་རིའི་གྲོས་ཚོགས་འཐུས་མི་དྲུག་ཅུ་ལྷག་གིས་ཨ་རིའི་གཞུང་ལ་བོད་དོན་འབོད་སྐུལ་གྱི་ཞུ་ཡིག་ཕུལ།

2021.12.15
ཨ་རིའི་གྲོས་ཚོགས་འཐུས་མི་དྲུག་ཅུ་ལྷག་གིས་ཨ་རིའི་གཞུང་ལ་བོད་དོན་འབོད་སྐུལ་གྱི་ཞུ་ཡིག་ཕུལ། ཨ་རིའི་གྲོས་ཚོགས་འཐུས་མི་དྲུག་ཅུ་ལྷག་གིས་ཨ་རིའི་གཞུང་ལ་བོད་དོན་འབོད་སྐུལ་གྱི་ཞུ་ཡིག་ཕུལ།
སྒྲིག་བཟོ།/RFA

ཟླ་འདིའི་ཕྱི་ཚེས་༡༤་ཉིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་(Patrick Leahy)་ལགས་དང་། འཐུས་མི་(Marco Rubio)་ལགས་རྣམ་གཉིས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་གོང་འོག་གི་གཉིས་ཀྱི་འཐུས་མི་༦༥་ཡིས་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་གྱི་གཞུང་ལ་བོད་དོན་འབོད་སྐུལ་གྱི་ཞུ་ཡིག་ཕུལ་བའི་ནང་། སྲིད་འཛིན་སྦཡེ་ཌེན་མཆོག་གིས་དབུ་ཁྲིད་པའི་ཨ་རི་གཞུང་འཛིན་གྱིས་བོད་ཀྱི་གནད་དོན་གལ་འགངས་ཆེ་ཤོས་སུ་བརྩིས་ཏེ་ངེས་པར་དུ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་དགོས་པ་དང་། དམིགས་བསལ་འབྲེལ་མཐུད་པའི་ངོས་ནས་༧གོང་ས་མཆོག་དང་སྲིད་འཛིན་སྦཡེ་ཌེན་རྣམ་གཉིས་མཇལ་འཕྲད་ཡོང་ཐབས་སོགས་ཀྱིས་མཚོན་པའི་བོད་དོན་དང་འབྲེལ་བའི་གནད་དོན་ཁག་༡༡་ཙམ་གྱི་ཐོག་འབད་བརྩོན་གནང་དགོས་པའི་འབོད་སྐུལ་རེ་སྐུལ་གནང་འདུག
ཞུ་ཡིག་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ཞི་བདེ་དང་བྱམས་བརྩེའི་ལམ་སྟོན་གནང་བཞིན་པའི་བཀའ་སློབ་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་། གལ་ཆེར་ངོས་འཛིན་གནང་ཏེ། ༧གོང་ས་མཆོག་སྲིད་འཛིན་ལས་ཁུངས་སུ་གདན་འདྲེན་ཞུ་དགོས་པ་དང་། གལ་སྲིད་དེང་སང་༧གོང་ས་མཆོག་དགུང་ལོའི་བབས་ཀྱིས་འགྲུལ་བཞུད་གནང་རྒྱུར་སྐུ་ངལ་ཡོད་པ་ཡིན་ན། སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་མཆོག་གམ་ཡང་ན་གནད་ཡོད་དཔོན་རིགས་ཞིག་བཞུགས་གནས་རྡ་རམ་ས་ལར་ཆེད་རྫོང་གནང་དགོས་ལུགས་ཞུས་པ་དང་ཆབས་ཅིག རྒྱ་ནག་གཞུང་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་མཉམ་བོད་རྒྱ་གྲོས་མོལ་སླར་གསོ་བྱེད་དགོས་པའི་གནོན་ཤུགས་སྤྲོད་དགོས་ལུགས་ཞུས་ཡོད་འདུག
འབོད་སྐུལ་ཞུ་སྙན་དེ་རིང་མིན་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་སྲིད་པ། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་གཞོན་ལྕམ་ཨུ་ཛི་ར་ཛེ་ཡ་(Uzra Zeya)་ལགས་ཀྱི་མཚན་ཐོག་ཕུལ་ནས་ཨ་རིས་བོད་ཐོག་འཛིན་པའི་སྲིད་ཇུས་ཆ་ཚང་དངོས་སུ་ལག་ལེན་བསྟར་དགོས་པ་དང་། བོད་དེ་བཞིན་རྒྱ་ནག་གི་ཆ་ཤས་ཡིན་པ་བརྗོད་བཞིན་པའི་ལམ་སྲོལ་དེ་མཚམས་བཞག་ནས་བོད་དོན་ཅེད་ལས་དོན་མང་ཙམ་གནང་དགོས་པའི་རེ་སྐུལ་གནང་འདུག
ཡང་གོང་ཞུས་ཞུ་སྙན་དེའི་ནང་། སྲིད་འཛིན་གྱི་ངོས་ནས་རྒྱ་ནག་གཞུང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་པའི་སྐུའི་ཡང་སྲིད་འདེམས་ཕྱོགས་ཐད་ཐེ་བྱུས་བྱེད་རྒྱུ་མེད་ལུགས་གསུངས་དགོས་པ་དང་། ཨ་རིའི་ངོས་ནས་བོད་ཀྱི་གནད་དོན་དེ་བཞིན་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་འཛིན་སྟངས་གཞི་ལ་བཞག་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་དང་རིན་ཐང་གལ་ཆེར་ངོས་འཛིན་གནང་གི་ཡོད་པའི་རྣམ་པ་གསལ་པོ་བཏོན་དགོས་ཀྱི་འདུག་ཅེས་སོགས་བཀོད་པ་མ་ཟད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདས་པའི་ནང་ཨ་རིའི་སྲིད་འཛིན་(Trump)་མ་གཏོགས་གཞན་སྲིད་འཛིན་ཚང་མའི་ལྷན་དུ་མཇལ་འཕྲད་གནང་མྱོང་ཡོད་པའང་ལུང་འདྲེན་གནང་འདུག
དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ད་རེས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱ་ནག་གཞུང་ལ་བོད་དེ་བཞིན་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་དང་རྒྱ་ནག་གཞུང་གིས་མི་ལོ་དྲུག་ཅུ་ལྷག་རིང་དྲག་གནོན་གྱིས་བཙན་བཟུང་བྱེད་བཞིན་པར་ཐུགས་སྣང་ཆེན་པོ་བྱེད་བཞིན་པའི་རྣམ་པ་ཤུགས་ཆེན་བསྟན་པ་དང་བརྡ་ལན་སྤྲད་པ་རེད། ང་ཚོའི་ངོས་ནས་ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་བཞག་གནང་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎