བོད་དམག་ཁུལ་ཁང་ཟེར་བའི་དམག་དཔོན་ཤིན་ཅིང་དམག་ཁུལ་གྱི་དམག་དཔོན་དུ་བསྐོ་བཞག་བྱས་འདུག

2021-08-04
Share
བོད་དམག་ཁུལ་ཁང་ཟེར་བའི་དམག་དཔོན་ཤིན་ཅིང་དམག་ཁུལ་གྱི་དམག་དཔོན་དུ་བསྐོ་བཞག་བྱས་འདུག དམག་དཔོན་(Wang Haijiang) ༼ཟླ་ཚེས་མི་གསལ
དྲ་བཤུས། /sohu.com

བོད་རང་སྐྱོང་ལྗོངས་ཟེར་བའི་བོད་དམག་ཁུལ་ཁང་གི་དམག་དཔོན་(Wang Haijiang)་ཤིན་ཅང་དམག་ཁུལ་གྱི་དམག་དཔོན་དུ་བསྐོ་བཞག་བྱས་འདུག
དེ་ཡང་རྒྱ་ནག་གི་སོའུ་ཧུ་དྲ་རྒྱའི་ནང་ཕྱི་ཚེས་༤་ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་བརྗོད་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་བོད་དམག་ཁུལ་ཁང་གི་དམག་དཔོན་(Wang Haijiang)་ཤིན་ཅང་དམག་ཁུལ་གྱི་དམག་དཔོན་དུ་བསྐོ་བཞག་བྱས་ཡོད་འདུག
ཟི་ཁྲོན་ཞིང་ཆེན་གྱི་(Ziyang)་ཁུལ་ཁོངས་(Anyue)་རྫོང་དུ་སྐྱེས་པའི་(Wang Heijiang)་དེ་སྔ་༢༠༡༦་ནས་བཟུང་ད་བར་བོད་དམག་ཁུལ་ཁང་ཟེར་བའི་གཙོ་འཛིན་དུ་བསྡད་ཡོད་པ་དང་། རྒྱ་ནག་གི་བཅིངས་གྲོལ་དམག་ཟེར་བའི་དམག་དཔོན་ལས་རོགས་རིམ་པའི་ཐོག་ནས་རྒྱ་ནག་དང་ཝིཡཏ་ནམ་གྱི་དམག་འཁྲུག་སྐབས་སུ་བྱས་རྗེས་ཡོད་པའི་མི་སྣར་རྒྱ་ནག་དམར་ཤོག་གིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
བོད་ཀྱི་ཆབ་སྲིད་བཙོན་ཟུར་འཇམ་དཔལ་སྨོན་ལམ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་གཉིས་ནི་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་མངའ་ཁུལ་ལ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ས་གནས་སུ་ཆབ་སྲིད་ཀྱི་གནས་བབ་དང་སྤྱི་ཚོགས་བརྟན་ལྷིང་། དམག་དོན་དང་དཔལ་འབྱོར་ཐོག་དོ་དམ། ལྷག་པར་དུ་ས་མཚམས་སོགས་ཀྱི་མངའ་ཁུལ་ཐད་ནས་གནས་བབ་འདྲ་མཚུངས་ཡོད་སྟབས། མངའ་ཁུལ་དེའི་དམག་དཔོན་སོགས་རྒྱ་ནག་དབུས་གཞུང་གིས་དྲག་རྩུབ་ཅན་གྱི་མི་སྣ་ཐད་ཀར་བསྐོ་གཞག་བྱེད་ཀྱི་ཡོད་པ་དང་། དེ་སྔ་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཁྲེན་ཆོན་ཀའོ་ཡང་ཞིན་ཅིང་རང་སྐྱོང་ཁུལ་གྱི་འགོ་ཁྲིད་ལ་བསྐོ་བཞག་བྱས་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།
ཉེ་བའི་བོད་ནང་གི་ལོ་རྒྱུས་ལ་དཔྱད་ཞིབ་བྱས་ན། རྒྱ་ནག་གཞུང་གིས་བོད་ནང་དུ་དམག་དོན་དང་དམར་ཤོག་ཚོགས་པའི་གཙོ་འཛིན་སོགས་ཀྱི་ལས་སྣེའི་ཐོག་ལས་དོན་བྱེད་མྱོང་མཁན་མང་པོ་ཞིག་ད་ལྟའི་ཛ་དྲག་གི་དཀའ་རྙོག་ཡོད་སའི་ཤིན་ཅང་ས་ཁུལ་དུ་གནས་སྤོ་བྱས་ཡོད་པ་དང་། ད་ལྟའི་ཤིན་ཅང་གི་དམར་ཤོག་དྲུང་ཆེ་ཁྲེན་ཆོན་ཀའོ་ཆ་མཚོན་ན། དེ་སྔ་བོད་ནང་དུ་༢༠༡༡་ནས་༢༠༡༦་བར་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་ཡོད་པ་དང་། ཁོང་གིས་བོད་ནང་དུ་དམངས་ཕན་རྒྱང་བསྐྱེད་ས་ཚུགས་བཟོས་པ་དང་། མི་མང་ལ་ལྟ་སྲུང་གི་ལས་དོན་དོ་ནན་དུ་བཏང་བ་ཁག་ལ་རྒྱ་ནག་དབུས་དམར་ཤོག་གི་འགོ་གཙོ་ཚོས་གདེང་འཇོག་ཆེན་པོ་བྱས་ཡོད་པ་རེད། དེ་བཞིན་༡༩༨༩་ལོ་ཡས་མས་སུ་བོད་ནང་དུ་ཞི་བའི་ངོ་རྒོལ་གྱེན་ལངས་ཆེན་པོ་བྱུང་སྐབས། སྐབས་དེའི་དམར་ཤོག་གི་དྲུང་ཆེ་ཧུའུ་ཅིན་ཐའོ་ཡིས་བོད་ནང་དྲག་པོའི་བཀག་རྒྱ་བསྡམས་པ་སོགས་བོད་མིའི་ཐོག་དྲག་གནོན་བྱེད་ཕྱོགས་ལ་དབུས་དམར་ཤོག་ཚོགས་པས་གདེང་འཇོག་ཐོབ་ནས་རྒྱ་ནག་གི་སྲིད་འཛིན་དུ་འཁོད་པ་ཡང་བྱུང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།