བོད་མི་ཞིག་གིས་རྒྱ་མིའི་ལས་ཁུངས་ལ་འབར་རྫས་གཡུག་པ།
2012.02.28
༄༅༎ཁ་སྔོན་རེས་གཟའ་པ་སངས་ཉིན་ཁམས་སྡེ་དགེ་རྫོང་གཉན་སྒོར་ཞང་རེག་པ་གྲོང་ཚོའི་མིང་ལ་ཟླ་སེ་འམ་བཀྲིས་ཞུ་བ་ཞིག་གིས་ས་གནས་རྒྱ་མིའི་ལས་ཁུངས་ལ་འབར་རྫས་གཡུགས་ནས་འདས་གྲོངས་སུ་གྱུར་ཡོད་འདུག
དོན་རྐྱེན་དེ་ཕྱི་ཚེས་ ༢༤ ཉིན་གྱི་ཐོ་རངས་ཆུ་ཚོད་ ༣ དང་སྐར་མ་ ༥༠ ཙམ་ལ་བྱུང་ཡོད་ཅིང་སྐབས་དེར་ཁོང་གིས་ས་གནས་ཀྱི་རྒྱ་དམར་གཞུང་གི་ལས་ཁུངས་དེར་གཏོར་སྐྱོན་ཚབས་ཆེ་བཏང་ཐུབ་པ་བྱུང་ཡོད་པ་རེད། གནས་ཚུལ་ནང་ཐོན་པར་ཁོང་གི་འཆར་གཞིར་ས་གནས་རྒྱ་མིའི་ལས་ཁུངས་དེ་མེར་བསྲེག་བཏང་རྗེས་རང་སྲོག་ལེན་རྒྱུའི་ཆེད་སྒྱིག་དམ་ཞིག་ནང་ས་སྣུམ་གྲ་སྒྲིག་བྱས་ཡོད་པ་རེད། ཡིན་ནའང་སྐབས་དེར་འབར་རྫས་དེ་ཤུགས་ཆེ་དྲག་པའི་རྐྱེན་གྱིས་ལས་ཁུངས་ལ་གཏོར་སྐྱོན་ཤུགས་ཆེ་བཏང་ཞོར་དུ་རང་ཉིད་ཀྱི་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་ཡོད་པ་རེད།
ཟླ་སེ་འམ་བཀྲིས་ཞེས་པ་ཁོང་ཁམས་སྡེ་དགེ་དབོན་ཐོག་ཞང་འགྱུར་མདའ་གྲོང་ཚོར་འཁྲུངས་ཤིང་། ཕ་མིང་ལ་རྡོ་བ་དང་མ་མིང་ལ་པདྨ་དབང་མོ་ཞུ་གི་ཡོད་པ་རེད། རང་ཉིད་གུང་གྲངས་ ༣༢ ལ་སོན་པ་ཞིག་དང་ཁོང་གི་བཟའ་ཟླའི་མཚན་ལ་ཡ་སྐྱིད་ཞུ་གི་ཡོད་པ་རེད། ཁོང་གཉིས་ལ་ཕྲུ་གུ་བུ་མོ་ལོ་ན་ ༡༡ ལ་སོན་པ་ཞིག་དང་ལོ་ན་ ༥ ལ་སོན་པ་ཞིག་བཅས་གཉིས་ཡོད་པའི་གནས་ཚུལ་ཐོན་འདུག།