རོགས་དངུལ་མཚམས་ཆད་པར་བརྟེན་བོད་མིའི་ཤེས་ཡོན་དང་འབྲེལ་བའི་ལས་གཞིར་དོ་འཕོག་འགྲོ་སྲིད་ནའང་། བོད་མིའི་སྒྲིག་འཛུགས་ཀྱིས་དེ་དོན་དཀའ་སེལ་སླད་འབད་རྩོལ་གནང་བཞིན་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས།

2025.03.13
རོགས་དངུལ་མཚམས་ཆད་པར་བརྟེན་བོད་མིའི་ཤེས་ཡོན་དང་འབྲེལ་བའི་ལས་གཞིར་དོ་འཕོག་འགྲོ་སྲིད་ནའང་། བོད་མིའི་སྒྲིག་འཛུགས་ཀྱིས་དེ་དོན་དཀའ་སེལ་སླད་འབད་རྩོལ་གནང་བཞིན་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས། ཤེས་ཡོན་ལྷན་ཚོགས་འཚོག་བཞིན་པ། ༢༠༢༥།༠༣།༡༣
RFA

ཨ་རིའི་རོགས་དངུལ་མཚམས་འཇོག་ལ་བརྟེན་ནས་བོད་མིའི་ཤེས་ཡོན་སྡེ་ཚན་ཁག་ལ་དོ་འཕོག་འགྲོ་གཞི་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱིས་རོགས་དངུལ་མུ་མཐུད་རག་ཐབས་ལ་འབད་རྩོལ་གནང་བཞིན་ཡོད་པ་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་གཉིས་པའི་དབུ་འབྱེད་མཛད་སྒོའི་ཐོག་གསུངས་སོང་།

དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་ ༠༣  ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་བཀའ་ཤག་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་གཉིས་པ་བསྐོང་ཚོགས་གནང་ཡོད་པ་ལྟར། ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཉེ་ལམ་ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་ཕྱི་རྒྱལ་ཁག་ལ་རོགས་དངུལ་མཚམས་འཇོག་བྱས་པ་དང་འབྲེལ་ཏེ། བོད་མིའི་སྒྲིག་འཛུགས་ཐེ་བའི་བཙན་བྱོལ་བོད་མི་རྣམས་ལ་ཨ་རི་གཞུང་གིས་གནང་བཞིན་པའི་རོགས་དངུལ་ཁག་ཅིག་ཀྱང་མཚམས་ཆད་ཡོད་པས། དེའི་ཉེར་ལེན་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་སྤྱི་དང་། ལྷག་པར་སློབ་ཕྲུག་གི་སློབ་ཡོན་དང་། ཟབ་སྦྱོང་དང་ཚོགས་འདུ་གོ་སྒྲིག མིའི་ནུས་པ་གོང་སྤེལ་གྱི་ལས་གཞི་སོགས་ལ་དོ་འཕོག་འགྲོ་གཞི་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ངོས་ནས་དེ་དོན་དཀའ་སེལ་ཡོང་སླད་རོགས་དངུལ་མུ་མཐུད་རག་ཐབས་སུ་འབད་རྩོལ་གནང་མུས་ཡིན་པ་གསུངས་སོང་།

སྤྱིར་ཨ་རིའི་རོགས་དངུལ་གྱི་བརྒྱ་ཆ་བརྒྱད་བཅུ་ལྷག་མཚམས་འཇོག་བྱས་ཟིན་པའི་གནས་ཚུལ་ཉེ་ལམ་ཕྱིར་བསྒྲགས་ཟིན་པས། དེའི་ཁོངས་སུ་བཙན་བྱོལ་བོད་མི་རྣམས་ལ་གནང་བཞིན་པའི་ཨ་རིའི་རོགས་དངུལ་ཡང་འཚུད་ཡོད་ཀྱང་། ཨ་རིའི་ཕྱི་སྲིད་ལས་ཁུངས་འོག་ཡོད་པའི་མི་འབོར་དང་། སྐྱབས་བཅོལ། གནས་སྤོ་དང་འབྲེལ་བའི་ལས་གཞིའི་རོགས་དངུལ་ཨ་སྒོར་ས་ཡ་གཉིས་མུ་མཐུད་གནང་རྒྱུ་གཏན་ཁེལ་བྱུང་ཡོད་པ་སྲིད་སྐྱོང་མཆོག་གིས་འགྲེལ་བརྗོད་གནང་བཞིན་འདུག

ཨ་རིའི་སྲིད་གཞུང་གསར་པས་ཨ་རི་གཞུང་གི་ཕྱི་ལ་རོགས་དངུལ་མཁོ་སྤྲོད་བྱེད་བཞིན་པ་དེ་དག་ཨ་རིའི་ཁེ་ཕན་དང་མཐུན་དགོས་སྐོར་བསྐྱར་ནན་གནང་བཞིན་ཡོད་པ་ལྟར། སྲིད་སྐྱོང་མཆོག་གིས་ཨ་རི་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཨ་རིའི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད། ཉེ་ལམ་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་སྐབས་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཨ་རིའི་ཁེ་ཕན་དང་འབྲེལ་བ་ཡོད་སྐོར་ངོས་ལེན་གཏམ་བཤད་གནང་ཡོད་པ་ལུང་འདྲེན་གནང་སོང་། 

ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཤེས་ཡོན་ཡར་རྒྱས་ཕྱིན་ན་རྒྱལ་ཁབ་ཅིག་གི་ཆོས་དང་རིག་གཞུང་། དཔལ་འབྱོར། སྤྱི་ཚོགས་འཆམ་མཐུན་བཅས་པ་ཚང་མར་འབྲེལ་བ་ཡོད་པས་གལ་གནད་ཆེན་པོ་ཡིན་སྟབས། བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་གྱི་གལ་གནད་དེ་སློབ་གྲྭ་ཁག་ཙམ་མིན་པར་མང་ཚོགས་ཁྲོད་དུའང་ཁྱབ་སྤེལ་བྱ་རྒྱུ་གལ་ཆེན་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

སྤྱིར་ཉིན་གྲངས་གཉིས་རིང་འཚོག་བཞིན་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་དེའི་ཐོག་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་རྫོགས་ལྷན་འཛོམས་ཀྱིས་གྲོས་གཞི་དགུའི་ཐོག་བསམ་གྲོས་ཞིབ་བསྡུར་གནང་རྒྱུ་རེད་འདུག་ལ། གྲོས་གཞིའི་ཁོངས་སུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ཆོས་དང་། རིག་གཞུང་སྐད་ཡིག་བཅས་རྩ་མེད་གཏོང་བར་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་ཡོད་པ་དང་། རང་དབང་ལུང་པའི་ནང་བོད་མི་སྤྱི་སྒེར་ཡོངས་ཀྱིས་གྲུབ་འབྲས་གང་མྱུར་ཐོན་པའི་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་དང་འབྲེལ་བའི་ལས་འཆར་སྤེལ་རྒྱུ་དང་། བོད་མིའི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་ཆུ་ཚད་ཡག་པོ་ཡོད་པ་རྣམས་གསོ་སྐྱོང་བདག་སྤྲོད་གནང་ཐབས་དང་། ཁོང་རྣམས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་ལ་མུ་མཐུད་འཇུག་རྒྱུའི་སེམས་ཤུགས་སྤར་ཐབས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ལྷག་པར་ཤེས་རིག་ལས་ཁུངས་ངོས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་ཕྲུག་རྣམས་ཀྱི་རྒྱུད་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཇགས་ཐབས་སུ་མཐུན་འགྱུར་ཞུ་ཕྱོགས། བོད་ཀྱི་དམངས་སྲོལ་རིག་གནས་ལས་ལག་བཟོའི་ཤེས་བྱ་རྣམས་ཤེས་ཡོན་སྡེ་ཚན་དུ་སླེབས་ཐབས་སོགས་ཀྱི་སྐོར་གྲོས་བསྡུར་གནང་རྒྱུ་རེད་འདུག

གྲོས་གཞི་ཁག་དང་འབྲེལ་ཏེ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས་ཀྱིས།  ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བོད་མིའི་སློབ་གྲྭ་ཁག་ཏུ་གཞི་རིམ་འོག་མའི་སློབ་ཚན་ཁག་བོད་ཡིག་ཐོག་སློབ་ཁྲིད་གནང་མུས་ལྟར། ད་ཆ་གཞི་རིམ་བར་མའི་སློབ་ཚན་ཁག་བོད་ཡིག་ཐོག་སློབ་ཁྲིད་གནང་ཐབས་ཇི་དགེའི་སྐོར་གྲོས་བསྡུར་གནང་རྒྱུ་སོགས་དང་གྲོས་གཞི་དགུའི་ཐོག་བཀའ་བསྡུར་གནང་གི་ཡོད་སྐོར་གསུངས་བྱུང་། ཁོང་གིས་མུ་མཐུད་ཤེས་རིག་ལས་ཁུངས་ངོས་ནས་བོད་ཕྲུག་རྣམས་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཐབས་སུ་དེང་དུས་དང་མཐུན་པའི་འགུལ་བརྙན་ཕྱོགས་གསུམ་ཅན་དང་གཉིས་ཅན་སོགས་དྲྭ་ཐོག་ནས་འདོན་སྤེལ་ཞུ་མུས་ཡིན་པ་འགྲེལ་བརྗོད་གནང་གི་འདུག

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ལོ་ལྟར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འཛིན་སྐྱོང་དང་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་ཏེ། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་འཚོག་གི་ཡོད་པ་རེད་འདུག །

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དོན་ཞུ་གཏུག་མཐུན་ཚོགས་ནས་རྒྱ་གར་གྲོས་ཚོགས་གོང་འོག་ནང་བོད་དོན་གླེང་སློང་ཡོང་ཆེད་ལྡི་ལིར་བོད་དོན་ཞུ་གཏུག་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎