ལེགས་སྦྱར་གྱི་ཆོས་རྒྱུད་དང་པཱ་ལིའི་ཆོས་རྒྱུད་དབར་ཉམས་མྱོང་སྤེལ་རེས་དང་འབྲེལ་ཏེ་བོད་བརྒྱུད་ནང་པའི་དགེ་བཤེས་ཁག་ཅིག་ཤྲིལངྐར་འབྱོར་ཡོད་པ།

2025.02.04
ལེགས་སྦྱར་གྱི་ཆོས་རྒྱུད་དང་པཱ་ལིའི་ཆོས་རྒྱུད་དབར་ཉམས་མྱོང་སྤེལ་རེས་དང་འབྲེལ་ཏེ་བོད་བརྒྱུད་ནང་པའི་དགེ་བཤེས་ཁག་ཅིག་ཤྲིལངྐར་འབྱོར་ཡོད་པ། ཤྲིལངྐར་ཕེབས་པའི་བོད་བརྒྱུད་ནང་པའི་དགེ་བཤེས་ཁག་ཅིག ༢༠༢༥།༠༢།༢ ཉིན།
དགེ་སློང་བསྟན་འཛིན་ཟིལ་སྣོན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་གཞིར་བཟུང་། པཱ་ལི་དང་ལེགས་སྦྱར་གྱི་ནང་པའི་ཆོས་རྒྱུད་གཉིས་དབར་ཉམས་མྱོང་སྤེལ་རེས་དང་རྒྱུས་ལོན་ཡོང་རྒྱུ་གལ་ཆེན་དུ་གཟིགས་ཏེ། འདས་པའི་ལོ་ཤས་ནས་བཟུང་བོད་བརྒྱུད་ནང་པའི་དགེ་བཤེས་གང་འཚམ་རེ་ཤྲིལངྐ་རྒྱལ་ཁབ་ཏུ་གདན་འདྲེན་ཞུས་པ་དང་། ཐེ་ལཎ་ཌི་དང་ཤྲིལངྐའི་འཕགས་པ་གནས་བརྟན་སྡེ་བའི་དགེ་སློང་རྣམ་པ་རྒྱ་གར་ནང་གདན་ས་ཆེ་ཁག་ཏུ་གདན་འདྲེན་གྱིས། ཕན་ཚུན་དབར་རྒྱུས་ལོན་བརྗེ་རེས་དང་ཆོས་ཀྱི་བགྲོ་གླེང་བཅས་གནང་གི་ཡོད་པ་ལྟར། ཉེ་ཆར་ཟླ་ ༢ ཚེས་ ༢ ནས་བཟུང་གདན་ས་ཁག་གཙོས་པའི་བོད་བརྒྱུད་ནང་པའི་དགོན་སྡེ་ཁག་བཅུ་གཅིག་ནས། བོད་མི་དགེ་འདུན་པ་ ༢༤ ཤྲིལངྐ་རྒྱལ་ཁབ་ཏུ་འབྱོར་ཏེ། ཐོག་མར་སངས་རྒྱས་ཐུགས་རྗེ་ཅན་གྱི་རིང་བསྲེལ་དང་བྱང་ཆུབ་ཤིང་སོགས་ཡོད་པའི་དགོན་སྡེ་ཁག་ཏུ་གནས་མཇལ་གྲུབ་ཡོད་པ་དང་། རིམ་པས་ཤྲིལངྐའི་དགོན་སྡེ་ཆེ་ཁག་ཏུ་ཆོས་མངོན་པ་གོང་འོག་ནས་འབྱུང་བའི་སེམས་དང་སེམས་འབྱུང་གི་རྣམ་གཞག་དང་།གཟུགས་ཀྱི་རྣམ་གཞག་དང་དམ་ཆོས་འདུལ་བ་བཅས་ལ་བགྲོ་གླེང་གནང་འཆར་ཡོད་སྐོར། ཤྲིལངྐའི་སེམས་བསྐྱེད་གླིང་ཆོས་ཚོགས་ཀྱི་དགེ་སློང་བསྟན་འཛིན་ཟིལ་གནོན་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

WhatsApp Image 2025-02-04 at 3.42.34 PM.jpeg
ཤྲིལངྐར་ཕེབས་པའི་བོད་བརྒྱུད་ནང་པའི་དགེ་བཤེས་ཁག་ཅིག ༢༠༢༥།༠༢།༢ ཉིན།

ཤྲིལངྐ་བོད་ཀྱི་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་གཙོ་ (Dr. Damenda Porage) ལགས་ནས། ཁོང་ནས་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་བཅར་ཞུས་སྐབས། མགོན་པོ་མཆོག་ནས་ལེགས་སྦྱར་དང་པཱ་ལིའི་ཆོས་རྒྱུད་དབར་གོ་རྟོགས་རྒྱུས་ལོན་དགོས་པ་དང་། ཆོས་རྒྱུད་གཉིས་ཀ་ནང་པའི་རྗེས་འཇུག་གཅིག་གྱུར་ཡིན་པ་དང་མཉམ་རུབ་ཀྱིས་འཛམ་གླིང་ཞི་བདེ་བསྐྲུན་དགོས་པའི་ལམ་སྟོན་ཕེབས་པར་བརྟེན་ནས། བོད་ཀྱི་དགེ་བཤེས་རྣམས་དང་གནས་བརྟན་སྡེ་བའི་དགེ་སློང་རྣམས་ཕར་ཚུར་གདན་ཞུས་དབུ་འཛུགས་ཞུས་པའི་སྐོར་འགྲེལ་བརྗོད་གནང་གི་འདུག

ཁོང་གིས་མུ་མཐུད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་པཱ་ལི་དང་ལེགས་སྦྱར་ཆོས་རྒྱུད་གཉིས་ཀྱི་དབར་གོ་རྟོགས་དང་ཕར་ཚུར་རྒྱུས་ལོན་གྱི་གོ་སྐབས་བསྐྲུན་ཏེ། མིའི་སྤྱི་ཚོགས་ལ་ཞབས་ཞུ་དང་འཛམ་གླིང་ཞི་བདེ་ཡོང་ཐབས་སུ་འབད་བརྩོན་བསྟེན་དགོས་པའི་ལམ་སྟོན་ཕེབས་པ་དང་། འདས་པའི་ལོ་རྒྱུས་ནང་ཐེག་པ་ཆེན་པོ་དང་ཉན་ཐོས་ཀྱི་ཐེག་པ་གཉིས་ཀྱི་དབར་གོ་བ་ལོག་སྒྲུབ་གང་འཚམ་རེའང་བྱུང་མྱོང་བ་སོགས་ཀྱིས།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་པ་སོ་སོ་བའི་རྗེས་འཇུག་རྣམས་འབྲེལ་གཏུག་གི་དགོངས་པ་ཆེ་བཞེས་གནང་སྟེ། ནང་པའི་ཆོས་ཀྱི་རྗེས་འཇུག་གཅིག་པ་ཡིན་པའི་ལམ་སྟོན་ཕེབས་པར་བརྟེན། ཐོག་མར་ཤྲིལངྐ་དང་བོད་ཀྱི་ནང་པའི་སྤུན་ཟླ་ཚོགས་པ་ནས་གོ་སྒྲིག་གིས་བོད་ཀྱི་ནང་པའི་དགེ་བཤེས་རྣམས་ཕྱི་ལོ་ ༢༠༡༧ ནས་ཤྲིལངྐའི་ནང་གདན་འདྲེན་འགོ་འཛུགས་ཞུས་པ་དང་། ཤྲིལངྐའི་དགེ་སློང་ཁག་ཅིག་ནས་ཀྱང་སེ་འབྲས་དགའ་གསུམ་དུ་གནས་གཟིགས་བགྲོ་གླེང་གནང་ཡོད་ཅིང་། པཱ་ལི་དང་ལེགས་སྦྱར་ཆོས་རྒྱུད་དབར་བརྗེ་རེས་ཀྱི་ལས་རིམ་དེ་ནི་ ༢༠༢༢ ལོ་ནས་རྡོ་རྗེ་གདན་དུ་དངོས་སུ་འགོ་འཛུགས་ཞུས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

ཤྲིལངྐའི་ནང་བོད་ཀྱི་ནང་པའི་རྗེས་འཇུག་དགེ་སློང་རྣམས་ཀྱིས་ཕྱིལོ་ ༢༠༡༧ ནས་ ༢༠༡༨ དང་ ༢༠༡༩ བཅས་སུ་གནས་སྐོར་བགྲོ་གླེང་གནང་ཡོད་པ་དང་། དམིགས་བསལ་ལས་རིམ་འདིར་ལོ་ལྔའི་འཆར་གཞི་བཀོད་ཡོད་པས། ཐེངས་འདི་ནི་ལོ་གསུམ་པ་དང་ཕྱིལོ་ ༢༠༢༧ ལོར་ལས་རིམ་འདི་མཇུག་སྒྲིལ་གྱི་ཡོད་ནའང་། ལས་རིམ་གཞན་ཁག་ཅིག་ཀྱང་བརྩམ་རྒྱུའི་འཆར་གཞི་ཡོད་འདུག་ལ། ད་ལན་གྱི་ལས་རིམ་འདིར་དགེ་སློང་ ༤༠ ལྷག་འཛོམས་ཡོད་པའི་ནང་བོད་དང་འབྲུག་རྒྱལ་ཁབ། ཐེ་ལཎ་ཌི་དང་ཀམྤོཛ། ལོའུ་སི་བཅས་ཀྱི་དགེ་སློང་ཁག་ཅིག་ནས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎