རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་ནང་གི་སློབ་གྲྭ་ཁག་ནང་བོད་ཡིག་གི་སློབ་ཚན་ཇེ་ཉུང་དུ་གཏོང་བཞིན་ཡོད་འདུག
ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་བསྡད་རྗེས། རྒྱ་ཡིག་ལ་སྤྱི་སྤྱོད་སྐད་ཡིག་ཅེས་ཡོངས་གྲགས་ཀྱི་བེད་སྤྱོད་བྱེད་དགོས་པའི་སྲིད་བྱུས་སྣ་ཚོགས་ཤིག་སྤེལ་བ་དེས། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ལྷག་རིང་བོད་ནང་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་ཅིང་། བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་བོད་མི་ཞིག་གིས། ད་སྐབས་ལྷ་སར་ཡོད་པའི་ལྷ་ས་ལྷ་ཀླུ་སློབ་ཆུང་དང་། ལྷ་ས་སློབ་འབྲིང་སློབ་གྲྭ་སོགས་ཀྱི་ནང་། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སློབ་ཚན་དང་འཛིན་གྲྭ་མང་པོ་ཞིག་ཉུང་དུ་བཏང་ནས་རྒྱ་ཡིག་ཁོ་ན་སྦྱང་སའི་འཛིན་གྲྭ་མང་དུ་བཏང་དང་གཏོང་མུས་ཡིན་པ་དང་། རྒྱ་ནག་ནས་ཆེད་དུ་རང་སྐྱོང་ལྗོངས་ཁུལ་དུ་རྒྱ་ཡིག་གི་དགེ་རྒན་མངགས་གཏོང་བྱེད་ཀྱི་ཡོད་པ་ཧ་ཅང་གི་བློ་འཚབ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་མི་དེས་འགྲེལ་བརྗོད་གནང་བ་ཙམ་མིན་པར། ཉེ་ལམ་ལྷ་སར་བསྐོང་ཚོགས་གནང་བའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་༡༢པའི་ཚོགས་འདུ་ཐེངས་གཉིས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་༡༢པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བའི་ཚོགས་འདུ་དེ་གཉིས་བརྒྱུད་༢༠༢༤ལོར་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལག་བསྟར་དགོས་པའི་ལས་དོན་སྙན་སྒྲོན་གནང་བའི་དོན་ཚན་དང་པོའི་ནང་། བོད་རིགས་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་༼རྒྱ་ཡིག༽བེད་སྤྱོད་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ། ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཞེས་མངོན་གསལ་དོད་པོའི་སྒོ་ནས་འདི་ཚེས་༩ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་འདུག
དེ་སྔོན་རྒྱ་ནག་གི་སྲིད་འཛིན་ཅང་ཙི་མིན་དང་། ཧོ་ཅིན་ཐོའོ་གཉིས་ཀྱི་སྐབས་སོ་སོའི་སྲིད་དབང་འཛིན་པའི་དུས་ཡུན་རིང་། སྲིད་བྱུས་སྣ་ཚོགས་བརྒྱུད་མངོན་གསལ་དོད་པོ་མེད་པའི་སྒོ་ནས་བོད་ཀྱི་སྐད་ཡིག་ཉམས་ཉེས་གཏོང་ཐབས་བྱས་ཡོད། འོན་ཀྱང་། ད་སྐབས་ཞི་ཅིན་ཕིང་གི་ཡོངས་གྲགས་ཀྱི་སྒོ་ནས་བོད་ཀྱི་སྐད་ཡིག་དང་ནང་ཆོས་གཉིས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སྣ་ཚོགས་ཤིག་བཏིང་བཞིན་ཡོད་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཤིང་། རྒྱ་ནག་གཞུང་གིས་གཙོ་བོ་དམིགས་ས་ནི་བོད་མིའི་སྲོག་རྩ་ལྟ་བུ་བོད་སྐད་དང་བོད་བརྒྱུད་ནང་བསྟན་གཉིས་རྩ་མེད་བཟོ་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཡང་གོང་ཞུས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་ཁོང་གིས། ད་སྐབས་གཞུང་གིས་ལས་ཀ་རག་པར་རྒྱ་ཡིག་དང་དམར་ཤོག་ཀྱི་ལོ་རྒྱུས་ནི་ཧ་ཅང་གི་དགོས་མཁོ་ཆེ་བའི་གནད་དོན་གཉིས་ཡིན་པས། ལྷ་ས་ཡོད་པའི་བོད་ཕྲུག་མང་པོ་ཞིག་སྔོན་འགྲོ་སློབ་གྲྭ་ནས་རྒྱ་ཡིག་ཁོ་ན་སྦྱང་འགོ་ཚུགས་ཡོད་པ་མ་ཟད། ཁྱིམ་ཚང་ཁག་ནང། བོད་སྐད་ལས་རྒྱ་སྐད་གཙོ་བཟུང་གིས་བེད་སྤྱོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་གསུང་གི་འདུག
ཡང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཉམས་ཉེས་སུ་གཏོང་བའི་མིག་མཐོང་ལག་འཛིན་གྱི་གནས་ཚུལ་གསར་ཤོས་ཤིག་ནི། ༢༠༢༣ལོའི་ལོ་མཇུག་ཏུ་ཕྱི་རྒྱལ་བ་(YouTube)་ནང་བརྙན་བཟོ་མཁན་ཞིག་ལྷ་སར་ལྟ་སྐོར་ཕྱིན་ཏེ། བོད་པའི་མ་བུ་གཉིས་དང་ཕན་ཚུན་བཀའ་མོལ་གནང་སྐབས། བོད་ཕྲུག་དེས། རྒྱུན་དུ་བོད་སྐད་ལས་རྒྱ་སྐད་མང་བ་བེད་སྤྱོད་གཏོང་གི་ཡོད་པ་འགྲེལ་བརྗོད་གནང་སྟེ། ཨ་མས། ངའི་བུ་སྔོན་འགྲོ་སློབ་གྲྭ་སྐབས་སུ་ནས་དགེ་རྒན་རྒྱ་མི་ཡིན་པ་དང་། ཁྱིམ་དང་སློབ་གྲྭ་ནང་དུ་རྒྱ་ཡིག་དང་རྒྱ་སྐད་ཁོ་ན་བེད་སྤྱོད་བྱེད་དགོས་པའི་གཙོ་དོན་གནང་དགོས་ཀྱི་ཡོད་རེད་ཅེས་ཕྱི་རྒྱལ་གྱི་ཕྱི་རྒྱལ་ཡུལ་སྐོར་བ་ཁོང་ལ་འགྲེལ་བརྗོད་བྱས་འདུག
ཡང་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་བོད་ཀྱི་སློབ་གྲྭ་མང་པོ་ཞིག་ནང་། སྤྱི་སྤྱོད་སྐད་ཡིག་ཟེར་བ་དེ་བཙན་གྱིས་བེད་སྤྱོད་བྱེད་བཅུག་གི་ཡོད་པ་ཙམ་མ་ཟད། དེ་ནི་ད་སྐབས་སློབ་གྲྭ་ཁག་ནང་སློབ་གྲྭའི་སྐད་ཡིག་ཅེས་ཟེར་ལག་བསྟར་བྱེད་མུས་ཡིན་པ་དེ་ནི་ཧ་ཅང་གི་ཛ་དྲག་ཡིན་པ་གསུངས་ཤིང་། ད་དུང་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་འགྱུར་རྒྱུའི་ཡིན་ཟེར་བའི་སྲིད་བྱུས་དེ་ནི་ནང་ཆོས་ཀྱི་ལྟ་གྲུབ་དང་ཡོངས་སུ་འགལ་བའི་དགོད་བྲོ་དགོས་པའི་སྲིད་བྱུས་ཤིག་ཡིན་ཞེས་གསུང་གི་འདུག
གཞན་ཡང་གོང་ཞུས་རྒྱ་ནག་གཞུང་གིས་ཉེ་ལམ་ལྷ་སར་བསྐོང་ཚོགས་གནང་བའི་ཚོགས་འདུ་དེ་གཉིས་བརྒྱུད་༢༠༢༤ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྒྲུབ་དགོས་པའི་༼དོན་ཆེན་བཞི་༽ཞེས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དགོན་སྡེ་དོ་དམ་གྱི་འགན་ནུས་སྒྲུབ་ཤུགས་ཆེ་གཏོང་ནས། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་བསྒྲགས་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།