ཨ་རིའི་ཨ་རི་ཛོན་ནཱ་གཙུག་ལག་སློབ་ཆེན་དུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་གི་གོ་སྐབས་བསྐྲུན་འདུག

དེ་ཡང་ཨ་མི་རི་ཀའི་ཨ་རི་ཛོན་ནཱ་(Arizona)་གཙུག་ལག་སློབ་ཆེན་གྱི་ཤར་ཨེ་ཤེ་ཡའི་སློབ་གཉེར་ལྟེ་གནས་ཁང་གིས་བོད་ཀྱི་སྐད་ཡིག་སྦྱོང་འདོད་ཡོད་མཁན་སློབ་ཕྲུག་ཚོར་དམིགས་བསལ་འགེངས་ཤོག་ཞིག་བཟོས་ཡོད་པ་དང་། དེའི་ནང་དུ་བོད་ཀྱི་སྐད་ཡིག་ནི་བོད་མཐོ་སྒང་གཙོས་པའི་ས་གནས་ཁག་ཏུ་བོད་མི་མི་འབོར་ས་ཡ་དྲུག་ཙམ་གྱིས་བེད་སྤྱོད་གཏོང་བའི་སྐད་ཡིག་ཞིག་ཡིན་པ་དང་། བོད་ཀྱི་སྐད་ཡིག་སློབ་སྦྱོང་གི་གོ་སྐབས་སྤྲོད་པ་དེ་ནི་འཛམ་གླིང་གི་ཡུལ་བབ་སྲིད་ཇུས་ཀྱི་གལ་ཆེའི་ཡུལ་གྲུ་ཞིག་ཡིན་པའི་ཁར་ནང་པའི་རིག་གཞུང་གི་ལོ་རྒྱུས་ཀྱི་གོ་དོན་རྟོགས་ཐབས་ཀྱི་ཆེད་དུ་ཡིན་པ་བཀོད་འདུག
ད་དུང་གསལ་བསྒྲགས་དེའི་ནང་། (Arizona)་གཙུག་ལག་སློབ་ཆེན་གྱི་ཤར་ཨེ་ཤེ་ཡའི་སློབ་གཉེར་ལྟེ་གནས་ཁང་གིས། བོད་ཀྱི་སྐད་ཡིག་སློབ་གཉེར་ཚོད་ལྟའི་གོ་སྐབས་ཀྱི་ལས་གཞི་དེ་ནི། ཨ་མི་རི་ཀ་གཞུང་གི་ཤེས་རིག་ལས་ཁུངས་ནས་འགྲོ་གྲོན་གཏོང་གནང་གི་ཡོད་པ་དང་། ཨ་མི་རི་ཀའི་(Kansas)་གཙུག་ལག་སློབ་གཉེར་ཁང་དང་མཉམ་ལས་གནང་གི་ཡོད་པ་ཡིན་ཞིང་། བོད་ཀྱི་སྐད་ཡིག་སློབ་སྦྱོང་གི་ལས་གཞི་དེ་ནི། (Arizona)་གཙུག་ལག་སློབ་ཆེན་གྱི་སློབ་ཕྲུག་རྣམས་ལ་(Kansas)་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ནས་༢༠༢༤ལོའི་སྟོན་ཀའི་སློབ་དུས་ནས་བཟུང་དྲྭ་རྒྱའི་ཐོག་ནས་རིན་མེད་སློབ་ཁྲིད་གནང་རྒྱུ་ཡིན་འདུག
གལ་ཏེ་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་འདོད་ཡོད་མཁན་སློབ་མ་རྣམས་ནས་དམིགས་བསལ་མིང་ཐོ་དེབ་སྐྱེལ་གྱི་འགེངས་ཤོག་ཞིག་བཀང་རྗེས། (Arizona)་གཙུག་ལག་སློབ་ཆེན་གྱི་ཤར་ཨེ་ཤེ་ཡའི་སློབ་གཉེར་ལྟེ་གནས་ཁང་གིས། སློབ་ཕྲུག་དེ་ལ་བོད་ཀྱི་སྐད་ཡིག་སློབ་སྦྱོང་གི་དུས་ཚོད་གཏན་འཁེལ་བཟོ་རྒྱུ་དང་། འཛིན་གྲྭར་སློབ་ཞུགས་ཀྱི་དུས་ཚོད་སོགས་གོ་སྒྲིག་གནང་གི་ཡོད་པའི་སྐོར་བཀོད་འདུག
ད་དུང་འགེངས་ཤོག་དེའི་ནང་། དེ་སྔོན་བོད་ཡིག་སྦྱང་པའི་ཉམས་མྱོང་ཡོད་མེད་དང་། བོད་ཀྱི་སྐད་ཡིག་སློབ་ཚན་དེ་དང་འབྲེལ་བའི་དམིགས་བསལ་དགོངས་ཚུལ་གང་ཡོད་དྲིས་འདུག (Arizona)་སློབ་ཆེན་དེ་གཞུང་གིས་འགྲོ་གྲོན་བཏང་ནས་སྤྱི་ལོ་༡༨༨༥ལོར་གསར་འཛུགས་བྱས་པའི་ཨ་རིའི་གཞུང་གི་གཙུག་ལག་སློབ་ཆེན་མཚན་སྙན་ཆེ་གྲས་ཞིག་ཡིན་པ་དང་། སྤྱི་ལོ་༢༠༢༢-༢༠༢༣་ལོའི་སློབ་དུས་ནང་ཁྱོན་བསྡོམས་སློབ་ཞུགས་བྱེད་མཁན་སློབ་མ་ཁྲི་བཞི་དང་དྲུག་སྟོང་ལྷག་ཙམ་བྱུང་ཡོད་པ་རེད། ད་བར་དུ་ཨ་རིའི་གཙུག་ལག་སློབ་ཆེན་ (Harvard)་དང་། (Columbia) (UVA)་བཅས་ཨ་རིའི་གཙུག་ལག་སློབ་ཆེན་མང་པོ་ཞིག་གི་ནང་སློབ་མ་མང་ཉུང་ལ་མ་བལྟོས་པར་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་གི་ཡོད་པ་རེད།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།