བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་དགེ་འདུན་པ་གཉིས་གཙོས་བོད་མི་བཅུ་ལ་ཁྲིམས་ཐག་བཅད་འདུག

2020-07-15
གློག་འཕྲིན།
མཆན།
Share
པར་བཀོད།
བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་གཅོད་བཞིན་པ། ༢༠༢༠།༦།༢༩
བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་གཅོད་བཞིན་པ། ༢༠༢༠།༦།༢༩
པར་བཤུས།

རྒྱ་ནག་གི་རོགས་སྐྱོར་འཛུགས་བསྐྲུན་ལས་གཞི་འགོག་ཐབས་བྱས་བ་དང་མི་དམངས་དཔུང་སྡེབ་ཀྱིས་ཟིང་ཆ་བསླངས་བ་སོགས་ཀྱི་ཉེས་མིང་འོག་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་བོད་མི་བཅུ་ལ་ཁྲིམས་ཐག་བཅད་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་བོད་མི་མིང་བརྗོད་འདོད་མེད་པ་ཞིག་བརྒྱུད་གནས་ཚུལ་འབྱོར་བ་ལྟར་ན། ཉེ་བའི་ཟླ་༦་པའི་ཚེས་༢༨་དང་༢༩་ཉིན་གཉིས་རིང་། མདོ་སྨད་མདོ་ལྷོ་བླ་བྲང་བསང་ཆུ་རྫོང་གི་རྒྱ་ནག་གི་མི་དམངས་ཁྲིམས་ཁང་དུ་ཁྲིམས་ར་ཚོགས་ནས་བཀྲ་ཤིས་རྒྱ་མཚོ་དང་། ཚེ་དབང་གཙོས་བོད་མི་བཅུ་ལ་རྒྱ་ནག་གི་རོགས་སྐྱོར་འཛུགས་བསྐྲུན་ལས་གཞི་འགོག་ཐབས་བྱས་བ་དང་། མི་དམངས་དཔུང་སྡེབ་ཀྱིས་ཟིང་ཆ་བསླངས་བ་སོགས་ཀྱི་ཉེས་མིང་འོག་ཚད་གཞི་མི་འདྲ་བའི་ཁྲིམས་ཐག་བཅད་ཡོད་འདུག
གནས་ཚུལ་ངོ་སྤྲོད་པས་གསུང་ན། དེ་ནི་ལོ་ཤས་གོང་ནས་བསང་ཆུ་རྫོང་བང་དཀར་ཐང་ཕྱོགས་སུ་རྒྱ་ནག་གཞུང་གིས་རོགས་སྐྱོར་འཛུགས་བསྐྲུན་གྱི་རྣམ་གྲངས་སྤྲད་པའི་ཁྲོད། ཨ་མདོའི་ཁེ་གཉེར་ལས་ཁང་ཟེར་བས་ས་གནས་སུ་བཤས་ར་བཙུགས་པ་འགོག་ཐབས་བྱས་བ་དང་། རྗེས་སུ་འགོག་མ་ཐུབ་པར་བརྟེན་གུན་གསབ་དགོས་བའི་དགོས་འདུན་བཏོན་པ། མྱུར་འགྲོས་གཞུང་ལམ་སོགས་འཛུགས་བསྐྲུན་གྱི་ལས་གཞིའི་ཁྲོད་ས་གནས་ཀྱི་ཡུལ་མིའི་ཞིང་ས་ཤོར་བ་དང་གནམ་ལྷ་ཟ་ཁང་གི་རྩིག་གྱང་ལ་སེར་གས་བྱུང་བར་གུན་གསབ་ལེན་ཐབས་བྱས་པ་སོགས། ལས་འགུལ་གྱི་སྣེ་ཁྲིད་པ་དང་ལས་འགུལ་ནང་རིམ་པར་མཉམ་ཞུགས་བྱས་བ་ཡིན་ཚུལ་གྱིས་ཁུལ་དེའི་གནམ་ལྷ་དགོན་པའི་དགེ་འདུན་པ་གཉིས་དང་། ས་གནས་ཡུལ་མི་བརྒྱད་བཅས་མི་བཅུ་༢༠༡༩་ལོར་རིམ་པས་འཛིན་བཟུང་གིས་ད་རེས་ཁྲིམས་ཐག་བཅད་འདུག་ཅེས་དང་། འཛིན་བཟུང་འདྲི་རྩད་སྐབས་དང་། ལྷག་པར་ཁྲིམས་ར་ཚོགས་སྐབས་བོད་མི་དེ་ཚོས། ཁོང་ཚོ་ནི་ས་གནས་ཀྱི་རྒན་རབས་པ་དང་དགོན་པའི་ལས་སྣེ་བ་བཅས་ཡིན་པའི་ཆ་ནས་ས་གནས་མི་དམངས་ཀྱི་རེ་འདོད་ལྟར་ཁོང་ཚོའི་ཚབ་བྱས་ནས་དེ་ལྟར་བདག་དབང་དང་ཐོབ་ཐང་སྲུང་སྐྱོབ་བྱས་བ་ལས་ནག་ཉེས་བསགས་མེད་པས་གྱོད་དོན་བསྐྱར་ཞིབ་དགོས་བ་དང་། ཡང་ན་ཁོང་ཚོ་ཚང་མ་ལོ་ན་༥༠་ནས་༧༠་བར་གྱི་རྒན་པོ་རྐྱང་ཡིན་པས་གུ་ཡངས་དང་ཡང་ན་ཁྲིམས་ཐག་ཡང་མོ་གཅོད་རོགས་ཞེས་རེ་འདུན་ཡང་ཡང་ཞུས་ཀྱང་། བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བར་ཁྲིམས་ར་ཚོགས་པ་དང་མཉམ་དུ་རེ་འདུན་ལ་བསྐྱར་ཞིབ་མ་བྱས་བར། གནམ་ལྷ་དགོན་པའི་དགེ་འདུན་པ་བཀྲ་ཤིས་རྒྱ་མཚོ་ལགས་དང་། ཚེ་དབང་ལགས་གཉིས་སུ་མི་ལོ་༡༣་རེ་ཡི་ཁྲིམས་ཐག་བཅད་པ་དང་རྒྱ་སྒོར་ཁྲི་བདུན་རེ་ཡི་དཔལ་འབྱོར་གྱི་ཉེས་ཆད་བཅད་པ་དང་། དེ་བཞིན་སྙིང་ལྕགས་དང་། རྒྱལ་ལོ། བསོད་ནམས་རྒྱལ། སྟག་ཐར་རྒྱལ་བཅས་ལ་མི་ལོ་༩་རེ་ཡི་ཁྲིམས་ཐག་བཅད་ཐོག་དཔལ་འབྱོར་གྱི་ཉེས་ཆད་རྒྱ་སྒོར་ཁྲི་༥་རེ་བཅད། གཞན་བསྟན་པ་རྒྱ་མཚོ་དང་། རྟ་མགྲིན་རྡོ་རྗེ། རྟ་མགྲིན་ཚེ་རིང་། གཅོད་པ་ཚེ་རིང་བཅས་ལ་མི་ལོ་༨་རེ་ཡི་ཁྲིམས་ཐག་བཅད་པའི་ཐོག་དཔལ་འབྱོར་གྱི་ཉེས་ཆད་རྒྱ་སྒོར་ཁྲི་༥་རེ་བཅད་ཡོད་པས། དེ་ནི་དྲང་བདེན་མ་ཡིན་པ་དང་། ལྷག་པར་ཁྲིམས་ར་མ་ཚོགས་གོང་ནས་ཁྲིམས་ཐག་ཐག་གཅོད་ཟིན་ཡོད་པའི་རྣམ་པ་གསལ་བོ་འདུག་པས། ཁྲིམས་ར་ཚོགས་པ་ནི་འཁྲབ་སྟོན་ཙམ་ཡིན་པ་ས་གནས་ཡུལ་མི་ཁྲིམས་རར་ཞུགས་མཁན་གྱིས་བསམ་ཚུལ་བརྗོད་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་གནས་ཚུལ་ངོ་སྤྲོད་པ་བོད་མི་གཞན་ཞིག་གིས། གོང་གི་གནས་ཚུལ་དེ་ནི་བང་དཀར་ཐང་ས་གནས་སུ་ལོ་ཤས་རིང་བྱུང་བའི་དཀའ་རྙོག་ཡིན་པ་དང་། དེའི་ཁྲོད་ས་གནས་ཀྱི་འབྲེལ་ཡོད་རྒྱ་ནག་གི་ལས་བྱེད་པ་དང་། ས་གནས་བོད་མི། རྒྱ་རིགས་ཚོང་བདག་དང་ལས་བཟོ་བ། ཁ་ཆེ་མི་རིགས་སོགས་མང་པོ་དང་འབྲེལ་བ་ཡོད་ཀྱང་། མཐའ་དོན། དབྱེ་འབྱེད་དང་དྲང་བདེན་མ་ཡིན་པའི་ཐོག་ནས་བོད་མི་བཅུ་ལ་ཁྲིམས་ཐག་བཅད་པར་ས་གནས་ཀྱི་བོད་མི་ཚོར་བསམ་ཚུལ་ཆེན་པོ་ཡོང་བཞིན་ཡོད་ཀྱང་ཞེད་སྣང་གིས་ཞུ་གཏུག་བྱེད་མ་ཐུབ་པར་ལྷག་ཡོད་པ་ངོ་སྤྲོད་གནང་བྱུང་།
དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པད་མ་རྒྱལ་ལགས་ཀྱིས། ད་ཐེངས་རྒྱ་ནག་གཞུང་གིས་ཉེས་མིང་འདྲ་མིན་བཏགས་ནས་བསང་ཆུ་ཕྱོགས་ཀྱི་བོད་མི་བཅུ་ལ་ཚད་གཞི་འདྲ་མིན་གྱི་ཁྲིམས་ཐག་བཅད་པ་ནི། བོད་མི་ཚོར་མི་དམངས་ཀྱི་བདེ་སྡུག་ཞུ་ས་མེད་པ་གསལ་བོར་མཚོན་པ་དང་། དེ་བས་ཉེས་མིང་སྣ་ཚོགས་བཏགས་ཏེ་ཁྲིམས་ཆད་བཅད་པ་དེ་ནི་རྒྱ་ནག་རང་གི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་ཁྲིམས་ལུགས་དང་རྒྱབ་འགལ་ཡིན་པ་འདི་གའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།
མ་གཞི་ནས་ཉེ་བའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་སུ་ནག་སེལ་གཤེད་བཅོམ་དང་ངན་སེལ་ནག་འཇོམ་ཟེར་བའི་ལས་འགུལ་ལག་བསྟར་བྱེད་བཞིན་པ་དེ། བོད་ཁུལ་དུ་ལག་བསྟར་བྱེད་དུས་མི་སྒེར་རམ་ཚོགས་པ་གང་འདྲ་ཞིག་གིས་ཁོར་ཡུག་སྲུང་སྐྱོབ་དང་། དེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ། མི་རིགས་ཀྱི་སྲོལ་རྒྱུན་གོམས་གཤིས་དང་རིག་གནས་ཀྱི་གནད་དོན་ཐོག་མི་དམངས་ཀྱི་མགྲིན་ཚབ་པ་བྱེད་མཁན་ཚོར་རྡུང་རྡེག་གཏོང་ཡུལ་དུ་རྩིས་ནས། བོད་ནང་བོད་མི་རིགས་ཀྱི་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབས་བྱེད་མཁན་སོགས་ཡང་འཛིན་བཟུང་རྡུང་རྡེག་ཉེས་ཆད་གཏོང་བཞིན་ཡོད་པ་ཨ་རིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བརྗོད་བཞིན་པ་རེད།


མཆན། (0)
Share
དྲ་གནས་ཆ་ཚང༌།