སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་ལས་འཁུར་དམ་འབུལ་གནང་གཏན་འཁེལ་འདུག

0:00 / 0:00

སྐབས་༡༧་པར་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་ལས་རིམ་གནང་རྒྱུར་ཧི་མ་ཅལ་མངའ་སྡེ་གཞུང་གིས་ཆོག་མཆན་གནང་འདུག
སྤྱི་ཟླ་༥་པའི་ཚེས་༢༩་ཉིན་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་བདམས་ཐོན་སྤྱི་འཐུས་རྣམ་པར་བརྡ་ཐོ་ཞིག་བཏང་བའི་ནང་། སྤྱི་འཐུས་སྐབས་༡༧་པར་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་ལས་རིམ་རྣམས་སྤྱི་ཟླ་༦ པའི་ཚེས་༨་རེས་གཟའ་མིག་དམར་ཉིན་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པ་གསལ་འདུག འོན་ཀྱང་། འདི་ཚེས་༥་ཉིན་བོད་མིའི་སྒྲིག་འཛུགས་ཆགས་ཡུལ་ཧི་མ་ཅལ་མངའ་སྡེ་གཞུང་ནས་ད་ལྟ་ལག་བསྟར་བྱས་མུས་ཡིན་པའི་ནད་ཡམས་སྔོན་འགོག་ཆེད་ཁྱིམ་སྡོད་བཀའ་རྒྱ་དེ་བཞིན་སྤྱི་ཟླ་༦་པའི་ཚེས་༡༤་བར་ཕར་འགྱངས་བྱས་ཡོད་པ་གསལ་བསྒྲགས་སྤེལ་ཡོད་པར་བརྟེན། འདི་གའི་རླུང་འཕྲིན་ཁང་ནས་སྤྱི་འཐུས་ཚོགས་དྲུང་དང་འོས་བསྡུའི་འགན་འཛིན་རྣམ་གཉིས་ལ་སྤྱི་འཐུས་དམ་འབུལ་གྱི་ཚོགས་འདུ་དེ་དང་འབྲེལ་བའི་སྐོར་བཅར་འདྲི་ཡོང་ཐབས་ཞུས་ཀྱང་དང་ལེན་གནང་མེད་པ་རེད། འོན་ཀྱང་། འདི་གའི་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ཚེས་༧་ཉིན་ཚོགས་དྲུང་དང་འོས་བསྡུའི་ལས་ཁུངས་སྤྱི་ཁྱབ་འགན་འཛིན་རྣམ་གཉིས་ཀངྒ་ར་རྫོང་དཔོན་ལས་ཁུངས་སུ་ཆེད་བཅར་གྱིས་འདི་ཚེས་༨་ཉིན་སྤྱི་འཐུས་གསར་པའི་དམ་འབུལ་དང་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་ལེ་རིམ་གནང་ཆོག་པའི་བཀའ་འཁྲོལ་ཞུས་འདུག་ཅིང་། དེའི་ཐད་འདི་་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཀངྒ་ར་རྫོང་དཔོན་སྐུ་ཞབས་རེཀེཤ་ཀུ་མར་པར་འཇའ་པཏི་ (Rakesh Kumar Prajapati)་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས། བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་ཅིག་ཀངྒ་ར་རྫོང་དཔོན་གཞོན་པའི་ལྷན་དུ་ཐུགས་འཕྲད་ཀྱིས། གོང་ཞུས་གྲོས་ཚོགས་ཀྱི་ལེ་རིམ་དེ་བཞིན་བྱེད་ཆོག་པའི་བཀའ་འཁྲོལ་ཞུས་འདུག འོན་ཀྱང་། གནས་སྐབས་ང་ཚོའི་ངོས་ནས་ཆོག་མཆན་མ་སྤྲད་པར། ཁོང་ཚོའི་ཞུ་སྙན་དེའི་ནང་དུས་གཅིག་ཏུ་སྤྱི་འཐུས་ལྔ་རེ་ལྷན་འཛོམས་ཐོག་ཚོགས་འདུ་ཚོགས་ཆོག་པའི་ནད་དུག་སྔོན་འགོག་གི་ཐབས་ལམ་སོགས་འཁོད་འདུག་པས། བཀའ་འཁྲོལ་ཞུ་སྙན་དེ་བཞིན་ང་ཚོས་མངའ་སྡེ་གཞུང་ལ་ཡར་ཕུལ་བ་ཡིན། མཐའ་མའི་ཐག་གཅོད་དེ་མངའ་སྡེ་གཞུང་གིས་གནང་གི་རེད་ཅེས་འགྲེལ་བརྗོད་གནང་བའི་ཆུ་ཚོད་འགའ་ཞིག་གི་རྗེས། ཀངྒ་ར་རྫོང་དཔོན་ནས་འདི་གའི་རླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད་འབྲེལ་བ་གནང་སྟེ་གསུངས་དོན། མངའ་སྡེ་གཞུང་ནས་སྤྱི་འཐུས་རྣམ་པའི་དམ་འབུལ་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་ལས་རིམ་གནང་རྒྱུའི་ཆོག་མཆན་གནང་སོང་། དེ་ཡང་བོད་མིའི་སྒྲིག་འཛུགས་ནས་ནད་དུག་སྔོན་འགོག་ལམ་སྟོན་གཙོ་བཟུང་གིས་སྤྱི་འཐུས་རྣམས་ལ་ཁང་མིག་༡༡་ཆ་བགོས་ཀྱིས་ཁང་མིག་རེ་ནང་སྤྱི་འཐུས་ལྔ་ལས་མ་བརྒལ་བ་བྱས་ནས་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་ལས་རིམ་གནང་རྒྱུར་ཉིན་གཅིག་གི་རིང་ཆོག་མཆན་སྤྲད་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ད་ལྟ་ལག་བསྟར་བྱེད་མུས་ཡིན་པའི་ཁྱིམ་སྡོད་བཀའ་རྒྱ་དེའི་ནང་དགོས་ངེས་ཆེ་བའི་ཅ་དངོས་ཉོ་སའི་ཚོང་ཁང་ཁག་རེས་གཟའ་སྤེན་པ་དང་ཉི་མ་གཉིས་ཕུད་པའི་ཉིན་རེའི་ཞོགས་པའི་ཆུ་ཚོད་༩་པ་ནས་ཉིན་རྒྱབ་ཆུ་ཚོད་༢་པའི་བར་སྒོ་ཕྱེ་ཆོག་གི་ཡོད་ཅིང་། གཞུང་གི་ལས་ཁུངས་ཁག་གི་ལས་བྱེད་བརྒྱ་ཆ་༣༠་ཞུགས་ཆོག་པ་ལས། དེ་མིན་སློབ་གྲྭ་ཁག་ཚུད་པའི་ཤེས་ཡོན་ལྟེ་གནས་ཁག་དང་། དེ་བཞིན་འགྲིམས་འགྲུལ་གྱི་རིགས་ཆ་ཚང་འགྲུལ་སྐྱོད་མི་ཆོག་པ་བཀག་ཡོད་པ་རེད། ད་དུང་བཀོད་ཁྱབ་དེའི་ནང་ཧི་མ་ཅལ་མངའ་སྡེའི་ནང་ཆབ་སྲིད་དང་རིག་གཞུང་། ཆོས་ལུགས་ཀྱི་བྱེད་སྒོ་སོགས་མི་མང་འདུ་འཛོམས་རིགས་ཀྱི་བྱེད་སྒོ་ཆ་ཚང་སྤེལ་ཆོག་གི་མེད་པ་མ་ཟད། དུས་གཅིག་ཏུ་མི་ལྔ་ལྷག་འདུ་འཛོམས་བྱས་པ་ཡིན་ན་ཁྲིམས་འགལ་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པ་རེད།།