སྐབས་བཅུ་བདུན་པའི་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་གནང་ཐུབ་མི་འདུག

2021.06.08
སྐབས་བཅུ་བདུན་པའི་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་གནང་ཐུབ་མི་འདུག བར་བརྒལ་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས། ༦།༨།༢༡
RFA

བར་བརྒལ་ཚོགས་གཙོའི་མདུན་དུ་དམ་འབུལ་ཞུ་མཁན་སྤྱི་འཐུས་༢༡་མ་གཏོགས་གཞན་ཚང་མ་དབུས་འོས་བསྡུ་ལས་ཁུངས་ནས་ཁྲིམས་མཐུན་གྱི་ངོས་ལེན་གནང་མེད་པ་བར་བརྒལ་ཚོགས་གཙོས་གསུངས་པ།
སྤྱི་ཟླ་༦་པའི་ཚེས་༨་རེས་གཟའ་མིག་དམར་ཉིན། བཞུགས་སྒར་རྡ་རམ་ས་ལར་སྐབས་བཅུ་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་མདུན་དུ་དམ་འབུལ་ཞུས་པའི་རྗེས། བདམས་ཐོན་སྤྱི་འཐུས་རྣམ་པ་ཚོགས་ཁག་གཉིས་སུ་གྱེས་ནས་རིགས་གཅིག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་དམ་འབུལ་གནང་པ་དང་། ཡང་རིགས་གཅིག་གིས་བར་བརྒལ་ཚོགས་གཙོའི་མདུན་དུ་དམ་འབུལ་ཞུས་པའི་གནས་ཚུལ་བྱུང་ཡོད་པ་རེད།
སྐབས་ ༡༧ ་པའི་བདམས་ཐོན་སྤྱི་འཐུས་༤༥་ཡོད་པ་ནས་ཨའོསི་ཊརེ་ལི་ཡའི་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཡུལ་དེའི་ཏོག་དབྱིབས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བའི་ཁྲིམས་སྒྲིག་གི་དབང་གིས་ཕེབས་ཐུབ་མེད་པ་མ་གཏོགས་གཞན་སྤྱི་འཐུས་༤༤་བཞུགས་སྒར་རྡ་རམ་ས་ལར་འཛོམས་ཡོད་པ་རེད།

MVI_1047.MP4.04_21_24_46.Still001.jpg
བར་བརྒལ་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། བཅའ་ཁྲིམས་དོན་ཚན་༤༧་པའི་དགོངས་དོན་བཞིན་བར་བརྒལ་ཚོགས་གཙོའི་མདུན་དུ་དམ་འབུལ་ཞུས་མཁན་སྤྱི་མཐུན་གྲངས་༢༡་ལས་བྱུང་མེད་པར་བརྟེན། དབུས་འོས་བསྡུ་ལས་ཁང་ནས་བཅའ་ཁྲིམས་དོན་ཚན་༤༩་པའི་དགོངས་དོན་གཞིར་བཟུང་། སྤྱི་འཐུས་ཀྱི་རྩ་འབོར་གསུམ་ཆ་གཉིས་ལོན་མེད་པའི་རྐྱེན་གྱིས། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འདེམས་ཆོག་པའི་ཆ་རྐྱེན་ཚང་གི་མེད་པ་གསུངས་ཡོད་པ་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་ཡོད་པ་རེད།
ད་ལྟའི་སྐབས་སྤྱི་འཐུས་ཀྱི་ཚོགས་གཙོ་ཚོགས་གཞོན་འདེམས་བསྐོིའི་གནས་སྟངས་དང་། སྐབས་ ༡༧ པའི་སྤྱི་འཐུས་ཚོགས་ཐུབ་མིན། བར་བརྒལ་ཚོགས་གཙོར་དམ་འབུམ་མ་གནང་མཁན་གྱི་སྤྱི་འཐུས་རྣམ་པའི་གནས་སྟངས་ཇི་ཆགས། སྐབས་ ༡༦ པའི་བཀའ་ཤག་གི་བཀའ་བློན་རྣམ་པ་འདེམས་བསྐོ་ཐུབ་མིན་སོགས་ཀྱི་གནས་སྟངས་རྩ་བ་ནས་གསལ་ཁ་མེད་པ་ཆགས་ཡོད་པ་རེད།
དེ་རིང་ཕྱི་ཟླ་ ༦ ཚེས་ ༨ ཉིན་བར་བརྒལ་སྤྱི་འཐུས་ཚོགས་གཙོའི་མདུན་དུ་དམ་འབུལ་ཞུ་མཁན་དབུས་གཙང་སྤྱི་འཐུས་ ༨ བྱུང་ཞིང་། བར་བརྒལ་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དབུས་གཙང་སྤྱི་འཐུས་ཡིན་པར་བརྟེན་དམ་འབུལ་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་བཞེས་གྲུབ་པ་དང་། བར་བརྒལ་ཚོགས་གཙོར་དམ་འབུམ་མ་གནང་མཁན་བདམས་ཐོན་དབུས་གཙང་སྤྱི་འཐུས་གཞན་དེ་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཡིན་པ་རེད། བདམས་ཐོན་མདོ་སྨད་སྤྱི་འཐུས་བཅུ་དང་ཡོ་རོབ་སྤྱི་འཐུས་གཉིས། བྱང་ཨ་རིའི་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་བཅས་ཀྱང་བར་བརྒལ་ཚོགས་གཙོའི་མདུན་དམ་འབུལ་ཞུས་ཡོད་པ་རེད།
༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་དམ་འབུལ་ཞུ་མཁན་བདམས་ཐོན་སྤྱི་འཐུས་༢༢་བྱུང་བ་ནི། མདོ་སྟོད་ཆོལ་ཁའི་བདམས་ཐོན་སྤྱི་འཐུས་བཅུ་དང་ཆོས་བརྒྱུད་སྤྱི་འཐུས་བཅུ། དབུས་གཙང་སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། བྱང་ཨ་རིའི་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་བཅས་ཡིན་འདུག
བོད་མི་མང་བདམས་ཐོན་མདོ་སྟོད་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། ད་ལྟའི་ཆར་ཁྲིམས་སྒྲིག་གི་ཐོག་ནས་དམ་འབུལ་ཞུ་ཡུལ་མེད་པ་གསལ་པོ་རེད་ལ། ལྷག་པར་དུ་འཕོ་འགྱུར་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་རྣམས་ཀྱི་ལས་འཁུར་རྒྱུན་སྐྱོང་ཟེར་བ་དེ་རྩ་བ་ནས་ཁྲིམས་མཐུན་མིན་པར་བརྟེན། དམ་འབུལ་ཇི་ལྟར་གནང་དགོས་མིན་ཐད་གྲོས་བསྡུར་རིམ་པ་བྱུང་བའི་རྗེས། དེ་རིང་བོད་མི་མང་སྤྱི་ལྷན་ཚོགས་ཀྱི་གཞུང་འབྲེལ་མཛད་སྒོའི་ཐོག་ཁྲིམས་མཐུན་གྱི་ཐོག་ནས་༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་ཀྱི་མདུན་དུ་དམ་འབུལ་ཞུས་ཟིན་ཡོད་ནའང་། ད་རེས་གློ་བུར་དུ་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་ལེ་རིམ་དེ་བཀག་པར་བློ་འཚབ་ཡོད་ཅེས་འགྲེལ་བརྗོད་གནང་ཞིང་། ཡང་བདམས་ཐོན་དབུས་གཙང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། ཁོང་རང་ཉིད་ནས་བཅའ་ཁྲིམས་དོན་ཚན་༤༧་པའི་དགོངས་དོན་བཞིན་བར་བརྒལ་ཚོགས་གཙོར་དམ་བཅའ་ཕུལ་བ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
བདམས་ཐོན་དགེ་ལུགས་སྤྱི་འཐུས་སྤྱི་འཐུས་དགེ་བཤེས་ཨ་འབྲུག་ཚེ་བརྟན་ལགས་ཀྱིས། དེ་སྔོན་སྤྱི་འཐུས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་ནས་བཟུང་། ད་བར་ང་ཚོར་ཁྲིམས་མཐུན་གྱི་དམ་བཅའ་ཕུལ་ས་ཞིག་མེད་པར་བརྟེན། ད་ལྟའི་དུས་འདིར་མི་མང་གི་མངོན་འདོད་དང་མཐུན་པ་དེ༧རྒྱལ་བ་རིན་པོ་ཆེའི་སྐུ་པར་དང་བཅའ་ཁྲིམས་ཀྱི་མདུན་དུ་དམ་བཅའ་འབུལ་རྒྱུ་དེ་རེད་ཅེས་འགྲེལ་བརྗོད་གནང་ཡང་། བདམས་ཐོན་དབུས་གཙང་སྤྱི་འཐུས་བློ་བཟང་རྒྱ་མཚོ་ལགས་ཀྱིས། བར་བརྒལ་ཚོགས་གཙོའི་མདུན་དུ་དམ་འབུལ་ཞུས་པ་དེ་ཁྲིམས་མཐུན་མིན་ལུགས་བརྗོད་པ་དེ། བཅའ་ཁྲིམས་ཀྱི་དོན་ཚན་གང་ནས་འགལ་གྱི་ཡོད་མིན་ཁུངས་སྐྱེལ་དགོས་པ་གསུངས་པ་དང་། ཁོང་གིས། དེ་ལས་ལྡོག་སྟེ་སྤྱི་འཐུས་སྐབས་ ༡༦ པས་ཁྲིམས་ཞིབ་པ་རྣམ་པ་དུས་ཅིག་ཏུ་གནས་དབྱུངས་བཏང་པའི་གྲོས་ཆོད་ཡིག་ཆ་ཨང་༣༩་པ་དེ་བཅའ་ཁྲིམས་དང་འགལ་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
གཞན་ཡོ་རོབ་དང་ལྷོ་ཨ་ཧྥི་རི་ཀ་ཁུལ་གྱི་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས། ཁོང་རང་ཉིད་ནས་བར་བརྒལ་ཚོགས་གཙོའི་མདུན་དུ་དམ་འབུལ་ཞུས་ཡོད་ཀྱང་། ཕྱོགས་གཅིག་ནི་ང་ཚོས་ཐབས་ལམ་ཞིག་བཙལ་ནས་ཕྱོགས་གཉིས་ཀས་དམ་འབུལ་ཞུ་ཐུབ་པ་བྱུང་བ་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་༧གོང་ས་མཆོག་གི་སྐུ་པར་མདུན་དུ་དམ་འབུལ་ཞུས་པ་དེ་ཡང་འགྲིག་ཡོད་པ་འགྲེལ་བརྗོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎