བུ་ཆུང་ཚེ་རིང་ལགས་སུ་(Truman-Reagan)རང་དབང་གཟེངས་རྟགས་ཐོབ་འདུག

2023.06.07
བུ་ཆུང་ཚེ་རིང་ལགས་སུ་(Truman-Reagan)རང་དབང་གཟེངས་རྟགས་ཐོབ་འདུག བུ་ཆུང་ཚེ་རིང་ལགས།
victimsofcommunism.org

དེ་ཡང་དམར་ཤོག་རིང་ལུགས་ཀྱི་གོད་ཆག་ཕོག་པའི་དྲན་རྟེན་ཐེབས་རྩ་ཁང་ངམ་(The Victims of Communism Memorial Foundation)་ཞེས་པས་འདི་ཚེས་༧ཉིན་གནས་ཚུལ་སྤེལ་དོན་ལྟར་ན། ཐེབས་རྩ་ཁང་དེས་སྤོབས་པ་ཆེན་པོའི་སྒོ་ནས་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་ནང་རྟེན་གཞི་བྱས་བའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་གཙོ་འགན་བཞེས་མཁན་ཨ་རིའི་མི་སེར་ཡིན་པ་བོད་པའི་རྩོམ་པ་པོ། ཕྱི་འབྲེལ་དོན་གཉེར་བ་བུ་ཆུང་ཚེ་རིང་ལགས་སུ་(Truman-Reagan Medal of Freedom)་འམ་ཨ་རིའི་སྲིད་འཛིན་དམ་པ་(Truman)་དང་(Reagan)་གཉིས་ཀྱི་མཚན་ཐོག་གི་རང་དབང་གི་གཟེངས་རྟགས་འབུལ་གཏན་འཁེལ་བ་གསལ་བསྒྲགས་གནང་འདུག
དེའི་ཐད་ཐེབས་རྩ་ཁང་དེའི་འབྲེལ་མཐུད་འགན་འཛིན་(Michal Harmota)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བུ་ཆུང་ཚེ་རིང་ལགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་དྲག་གནོན་ལ་ཁ་གཏད་གདོང་ལེན་གནང་སྟེ་ཡུན་རིང་བོད་དོན་འཐབ་རྩོད་གནང་དང་གནང་མུས་སོགས་ལ་ཆེ་བསྟོད་ཆེད་ང་ཚོས་ཁོང་ལ་གཟེངས་རྟགས་དེ་འབུལ་གཏན་འཁེལ་བ་ཡིན་ཞེས་གསུངས་བྱུང་།
ད་དུང་གོང་ཞུས་གསལ་བསྒྲགས་དེའི་ནང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་དྲག་པོའི་བཙན་འཛུལ་བྱས་པའི་རྐྱེན་གྱིས་ཕྱི་ལོ་༡༩༦༠ལོར་བུ་ཆུང་ཚེ་རིང་ལགས། བོད་ནས་བྲོས་བྱོལ་དུ་ཕེབས་པ་ནས་བཟུང་སྐུ་ངལ་འཛེམས་མེད་ཐོག་ནས་བོད་མི་མང་གི་ཆེད་དུ་ཕྱག་ལས་གནང་མཁན་ཞིག་ཆགས་པ་དང་། ཁོང་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མཚོན་པར་བྱེད་མཁན་ཞིག་དང་། རྒྱ་ནག་དམར་ཤོག་གཞུང་གི་དྲག་གནོན་ལ་འགོག་རྒོལ་བྱེད་མཁན་ཞིག་ཏུ་ངོས་འཛིན་དང་འབྲེལ། ཁོང་གིས་ཨ་མི་རི་ཀའི་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་གནང་བ་ཁག་ལ་མཉམ་ཞུགས་དང་། ཨ་རིའི་རྒྱལ་ཡོངས་ནང་གི་ཉམས་ཞིབ་ཁང་དང་དེ་བཞིན་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གི་ནང་བོད་ཀྱི་གནད་དོན་སྐོར་རྒྱུན་དུ་གཏམ་བཤད་གནང་བཞིན་ཡོད་པ་དང་། ད་ལྟའི་ཆར་བུ་ཆུང་ཚེ་རིང་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནང་ཉམས་ཞིབ་སྡེ་ཚན་གྱི་སྣེ་ཁྲིད་གནང་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་བཙན་གནོན་བྱེད་མུས་ཀྱི་དངོས་བདེན་གནས་ཚུལ་ཁག་ཁྱབ་སྤེལ་དང་། རྒྱ་ནག་གཞུང་གིས་བོད་མི་མང་ལ་གང་སྤྱིའི་ཐད་དབྱེ་འབྱེད་བྱེད་མུས་ཡིན་པ། བོད་ཀྱི་ཁོར་་ཡུག་ལ་གནོད་སྐྱོན་ཚབས་ཆེ་གཏོང་བཞིན་པ་སོགས་ཀྱི་གནས་ཚུལ་ཁྱབ་སྤེལ་གནང་བཞིན་ཡོད་སྐོར་བཀོད་འདུག
བུ་ཆུང་ཚེ་རིང་ལགས་སུ་(Truman –Regan)་གྱི་རང་དབང་གཟེངས་རྟགས་དེ་བཞིན། ཕྱི་ཟླ་༦བའི་ཚེས་༩ཉིན། རང་དབང་དང་མང་གཙོའི་ལམ་ལུགས་དར་སྤེལ་ཆེད་ཕྱག་ལས་གནང་སྟེ་དམར་པོའི་རིང་ལུགས་གཙོས་པའི་བཙན་ཤེད་ཀྱི་དབང་བསྒྱུར་ལ་ངོ་རྒོལ་གནང་མཁན་རྣམས་ཀྱི་དྲན་རྟེན་ཆེད་མེ་ཏོག་ཕུལ་ནས་མཚན་ཐོ་ཀློག་རྒྱུའི་ལོ་འཁོར་དུས་དྲན་ཐེངས་༡༦་པའི་ཐོག་གནང་གཏན་འཁེལ་འདུག
མཛད་སྒོ་དེའི་ཐོག་རྒྱལ་ཁབ་ཁག་གི་ཨ་རིའི་རྒྱལ་སར་རྟེན་གཞི་བྱས་པའི་གཞུང་ཚབ་ཁག་གཙོས་ཚོགས་སྡེ་འདྲ་མིན་ལྷན་འཛོམས་ཀྱིས་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་མི་མང་ས་ཡ་༡༠༠ལྷག་ཡོད་པ་རྣམས་ལ་རྗེས་དྲན་གནང་གི་ཡོད་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧རྗེ་གུང་ཐང་སྐུ་ཕྲེང་བདུན་པ་མཆོག་གིས་མདོ་ལྷོའི་མཛོད་དགེ་རྩྭ་ཐང་དུ་དུས་འཁོར་དབང་ཆེན་ཐེངས་དང་པོ་གནང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་འགོ་བཙུགས་པ་དང་བསྟུན་རྡ་རམ་ས་ལར་མི་མང་རེ་འབོད་ཚོགས་པས་མི་མང་རང་བཞིན་གྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎