བཙན་བྱོལ་ནང་བོད་མི་ཚོས་ཚེ་དབང་ནོར་བུ་དམ་པའི་ཆེད་མར་མེ་ཁྲོམ་སྐོར་སོགས་གནང་འདུག

2022.03.07
བཙན་བྱོལ་ནང་བོད་མི་ཚོས་ཚེ་དབང་ནོར་བུ་དམ་པའི་ཆེད་མར་མེ་ཁྲོམ་སྐོར་སོགས་གནང་འདུག རྡ་རམ་སཱ་ལར་བོད་མི་ཚོས་ཚེ་དབང་ནོར་བུ་དམ་པའི་ཆེད་མར་མེ་ཁྲོམ་སྐབས། ༠༣།༠༧།༢༠༢༢
RFA/Dhasa

བོད་ཀྱི་གླུ་བ་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རང་ལུས་མེར་བསྲེགས་བཏང་ཞིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁོང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བོད་ཕྱི་ནང་གཉིས་ཀ་ནས་མཁོ་སྤྲོད་བྱུང་ཡོད།
བོད་ནང་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་བོད་མི་ ༡༥༨ ཀྱིས་རང་ལུས་མེར་བསྲེགས་བཏང་ཞིང་། འདི་ལོ་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་རང་ལོ་ ༢༥ ཡིན་པའི་གླུ་པ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་པའི་དོན་རྐྱེན་དེ་མ་བྱུང་བར་དུ་འདས་པའི་ལོ་གཉིས་ལྷག་གི་དུས་ཡུན་རིང་བོད་ནང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་མེད་པ་རེད། ད་ལོའི་ཕྱི་ཟླ་ ༢ ཚེས་ ༢༥ འི་གོང་རང་ལུས་མེར་བསྲེགས་གཏོང་མཁན་མཐའ་མ་ནི་ཕ་ཡུལ་རྔ་བ་ནས་ཡིན་པ་ཡོན་ཏན་ལགས་ཡིན་ཞིང་། ཁོང་གིས་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་རེད།
གླུ་བ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་བར་བཞུགས་སྒར་རྡ་རམ་ས་ལ་དང་། ཨ་རི་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཡོད་པའི་ནང་བོད་མི་དང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་གིས་མར་མེའི་ཁྲོམ་སྐོར་དང་མཆོད་འབུལ་སོགས་གནང་བཞིན་འདུག

tsewang norbu.JPG
ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ལ་སོགས་པ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། མདོ་ཁམས་ཆུ་བཞི་སྒང་དྲུག བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲིག་འོག་སྤྱི་ཟླ་༣ཚེས་༦ཉིན་མར་མེའི་ཁྲོམ་སྐོར་དང་སྨོན་ལམ་གསུང་འདོན་སོགས་གནང་འདུག་ལ། དེ་བཞིན་སྤྱི་ཚོགས་དྲ་ལམ་ཐོག་བོད་མི་མང་པོས་གླུ་བ་ཚེ་དབང་ནོར་བུ་ལགས་འདས་གྲོངས་སུ་ཕྱིན་པར་མྱ་ངན་དང་སྨོན་འདུན་སོགས་རྒྱ་ཆེ་བྱེད་བཞིན་ཡོད་པ་མཐོང་རྒྱུ་འདུག
གླུ་བ་ཚེ་དབང་ནོར་བུ་ལགས་ཀྱིས་ཁོང་གི་ ཝེཡི་སྦོ་སྤྱི་ཚོགས་དྲ་ལམ་ཐོག་གནས་འཕྲིན་མཐའ་མ་དེ་ཕྱི་ཟླ་ ༢ ཚེས་ ༢༥ སྔ་དྲོ་ ཚོུད་ ༡༡ དང་སྐར་མ་ ༥༩ ཐོག་བཀོད་འདུག དེ་རྗེས་མི་མང་པོ་ཞིག་གིས་ཁོང་གི་ཝེཡི་སྦོ་དྲ་ལམ་ཐོག་མཆན་བཀོད་མཁན་བྱུང་ཡང་ད་ཆ་མཆན་དེ་དག་མཐོང་རྒྱུ་མེད་པ་བཟོས་ཟིན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན། གླུ་པ་ཚེ་དབང་ནོར་བུ་ལགས་ཀྱི་ཨ་མ་བསོད་ནམས་དབང་མོ་ལགས་ནི་བོད་ཀྱི་གཞས་མ་གྲགས་ཅན་ཞིག་ཡིན་འདུག་ལ། ཁོང་གི་ཨ་ཞང་སོག་མཁར་བློ་གྲོས་ལགས་ནི་རྒྱ་ནག་གི་བཙོན་འོག་རྒྱུན་རིང་ཤོས་ཚུད་མཁན་བོད་ཀྱི་ཆབ་སྲིད་བཙོན་པ་ཞིག་ཡིན་འདུག སོག་མཁར་བློ་གྲོས་ལགས། ཐོག་མར་ཕྱི་ལོ་ ༡༩༩༣ ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལོ་ ༡༥ ཁྲིམས་ཐག་བཅད་ཅིང་། དེ་རྗེས་ ༡༩༩༥ ལོར་གྲ་བཞི་བཙོན་ཁང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་ཚིག་བསྒྲགས་པའི་རྐྱེན་གྱིས་སྲོག་ཐོག་ཉེས་ཆད་གཏོང་རྒྱུའི་ཐག་གཅོད་བྱས་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་པའི་དབང་གིས་སྲོག་ཐོག་ཉེས་ཆད་ཕྱིར་འགྱངས་བྱས་ཡོད་པ་རེད། བཙོན་གྲོལ་ཐོབ་རྗེས་སླར་ཡང་ཁོང་གིས་ཕོ་བྲང་པོ་ཏཱ་ལའི་མདུན་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༨ ཉིན་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྐྱེན་གྱིས། ཁོང་ལ་ལོ་ ༡༨ གྱི་བཙོན་བཅུག་ཁྲིམས་ཐག་བཅད་ཡོད་པ་རེད།

གསར་འགོད་པ། བློ་བཟང་ཆོས་འཕེལ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎