རྒྱ་ནག་གཞུང་གིས་ཡུལ་དེའི་དམག་སྤྱི་གཉིས་ཕྱིར་ཕུད་བཏང་འདུག

2024.12.26
རྒྱ་ནག་གཞུང་གིས་ཡུལ་དེའི་དམག་སྤྱི་གཉིས་ཕྱིར་ཕུད་བཏང་འདུག རྒྱ་ནག་གིས་ཕྱིར་ཕུད་བྱས་བའི་དམག་དཔོན་(You Haitao)་དང་དམག་དཔོན་(Li Pengcheng)གཉིས།
སྒྲིག་བཟོ། ཀླུ་འབུམ། /Chinese State Media

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ (Xi Jinping) གྱིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་བའི་ལས་འགུལ་དེས་རྒྱ་ནག་གི་དམག་དོན་ཁོར་ཡུག་ཏུ་འགྱུར་བ་ཕྱིན་པའི་རྐྱེན་གྱིས་སླར་ཡང་རྒྱ་ནག་གི་དམག་དཔོན་གཉིས་ལ་རྡུང་རྡེག་འཕོག་སྟེ་རྒྱ་ནག་གི་དམག་དཔོན་ཡུ་ཧཡེ་ཏའོ་ (You Haitao) དང་དམག་དཔོན་ལི་པེང་ཋེང་ (Li Pengcheng) གཉིས་རྒྱ་ནག་གི་མི་དམངས་འཐུས་མིའི་ཚོགས་མི་ཁོངས་ནས་ཕྱིར་ཕུད་བཏང་བ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་དམག་དཔུང་ནང་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་རྒྱ་ཆེ་རུ་གཏོང་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་མི་དམངས་བཅིང་གྲོལ་དམག་དཔུང་གི་དམག་སྤྱི་གཞོན་པ་གཉིས་ཀྱི་གྲོས་ཚོགས་འཐུས་མིའི་གནས་བབ་མེད་པར་བཟོས་ཡོད་ཅིང་། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཟའ་ལྷག་པའི་ཉིན་བརྡ་ཐོ་ཞིག་བཏང་སྟེ་རྒྱ་ནག་དམག་དཔུང་གི་དམག་སྤྱི་གཞོན་པ་ཟུར་པ་ ཡུ་ཧཡེ་ཏའོ་ (You Haitao) དང་ ། རྒྱ་ནག་གི་ལྷོ་ཕྱོགས་དཔུང་སྡེའི་མཚོ་དམག་གི་དམག་དཔོན་གཞོན་པ་ཟུར་ ལི་པེང་ཋེང་ (Li Pengcheng) གཉིས་གོ་གནས་ནས་གནས་དབྱུང་བཏང་བའི་གནས་ཚུལ་ངེས་གཏན་ཡིན་པ་ར་སྤྲོད་བྱས་ཡོད་པ་རེད།
ད་དུང་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་དམིགས་བཀར་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཡུ་ཧཡེ་ཏའོ་ (You Haitao) དང་དམག་དཔོན་ལི་པེང་ཋེང་ (Li Pengcheng) གཉིས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྒྲིག་ལམ་དང་འགལ་འཛོལ་ཚབས་ཆེ་བྱས་པའི་དོགས་ཡོད་ཅན་ཞིག་ཡིན་པའི་སྐོར་བཀོད་ཡོད་ཅིང་། ད་རེས་དེ་སྔའི་དམག་སྤྱི་གཞོན་པ་གཉིས་གནས་དབྱུང་བཏང་པ་དེ་ནི་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་མཐོ་རིམ་དཔོན་རིགས་འགའ་ཤས་ལ་རྡུང་རྡེག་འཕོག་སྟེ་གནས་དབྱུང་བཏང་བའི་རྐྱེན་གྱིས་རྒྱ་ནག་མི་དམངས་བཅིང་གྲོལ་དམག་དཔུང་ནང་རིམ་བཞིན་འགྱུར་ལྡོག་བྱུང་པའི་སྐབས་འདིར་ད་རེས་སླར་ཡང་དམག་དཔོན་གཉིས་གནས་དབྱུང་བཏང་བའི་གནས་ཚུལ་དེ་བྱུང་ཡོད་པ་རེད།
ལོ་ན་ ༦༦ ཡིན་པའི་ ཡུ་ཧཡེ་ཏའོ་ (You Haitao) ནི་ཕྱི་ལོ་ ༢༠༡༦ ལོ་སྟོད་དུ་དམག་དཔོན་གཞོན་པའི་གོ་གནས་སུ་བསྐོས་པ་དང་། དེའི་གོང་ཁོང་ནན་ཇིང་ (Nanjing) ལྷོ་ཁུལ་དམག་སྡེའི་དམག་དཔོན་གཞོན་པ་ནས་ ༢༠༡༤ ལོར་དམག་དཔོན་གྱི་གོ་གནས་ཨང་གཉིས་པར་གནས་སྤར་བྱུང་ཡོད་པ་རེད།
དེ་བཞིན་ལོ་ན་ ༦༡ ཡིན་པའི་ ལི་པེང་ཋེང་ (Li Pengcheng) ནི་དེ་སྔོན་རྒྱ་ནག་མི་དམངས་བཅིང་གྲོལ་དམག་དཔུང་གི་བྱང་སྡེ་མཚོ་དམག་གི་དམག་སྤྱི་གཞོན་པ་དང་། མཚོ་དམག་གི་སྒྲིག་ཆས་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན། ཤར་མཚོ་དམག་སྡེའི་དམག་སྤྱི་བཅས་ཀྱི་ལས་འགན་འཁུར་མྱོང་ཡོད་པ་རེད།།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎