གསེར་རྟ་ཆོས་སྒར་གྱི་བཙུན་མ་གཉིས་ཀྱིས་རང་སྲོག་བཅད་འདུག
2016.08.29
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་མང་པོ་བཙན་གྱིས་གཏོར་བཞིན་པར་བཟོད་དཀའ་བའི་བློ་ཕམ་བྱུང་ནས་ཡང་བསྐྱར་བཙུན་མ་གཉིས་ཀྱིས་རང་སྲོག་བཅད་ཡོད་འདུག
དེ་ཡང་འདི་གའི་བལ་ཡུལ་གྱི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་བོད་ནས་གནས་ཚུལ་འབྱོར་བ་བཏང་དོན་ལྟར་ན། དེང་སྐབས་གསེར་རྟ་བླ་རུང་ཆོས་སྒར་དུ་རྒྱ་གཞུང་གིས་དགེ་བཙུན་ཚོའི་གྲྭ་ཤག་མང་པོ་གཏོར་བཤིག་གཏོང་བཞིན་པར་ད་བར་དུ་ཟླ་ངོ་གཅིག་ལྷག་ཕྱིན་པ་དང་། ད་དུང་ཡང་མུ་མཐུད་དུ་བཙན་གྱིས་གཏོར་བཤིག་གཏོང་བཞིན་ཡོད་པའི་བྱ་སྤྱོད་དེར་བཟོད་དཀའ་བའི་བློ་ཕམ་བྱུང་པའི་དབང་གིས་སྤྱི་ཟླ་༨་པའི་ཚེས་༡༧་ཉིན་བླ་རུང་སྒར་གྱི་བཙུན་མ་ཚེ་རིང་སྒྲོལ་མ་ཟེར་བ་ཞིག་གིས་རང་ཉིད་ཀྱི་སྐེ་ལ་ཐག་པ་བཏགས་ནས་རང་སྲོག་བཅད་ཡོད་འདུག
གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། བཙུན་མ་ཚེ་རིང་སྒྲོལ་མ་ནི་ཁྱུང་མཆུ་རྫོང་རྨེ་བ་ཡུལ་ཕྱོགས་ནས་ཡིན་འདུག་ལ། ཁོ་མོ་ད་ལྟ་ལོ་ན་༢༠་ཙམ་ཡིན་པ་རེད་འདུག། ཁོང་སྐུ་མ་གྲོངས་བའི་སྔོན་དུ་ཁོང་མོས་དེང་སྐབས་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་གཏོང་བཞིན་ཡོད་པའི་ཐད་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་བཙུན་མ་མང་པོ་ཞིག་གིས་དངོས་སུ་མཐོང་ཐོས་བྱུང་ཡོད་འདུག་ལ། ཤུལ་དུ་ཁོང་མོས་ཁ་ཆེམས་ཡི་གེ་ཞིག་བཞག་ཡོད་པའི་ནང་། གཙོ་བོ་ད་ནི་རྒྱ་ནག་གཞུང་གིས་སྡོད་བཟོད་མེད་པ་བཟོ་བཞིན་འདུག གྲྭ་ཤག་ཚང་མ་གཏོར་འགྲོ་བཞིན་འདུག་ཅེས་འཁོད་ཡོད་པ་རེད་འདུག
དེ་མིན་ཡང་འཛམ་ཐང་རྫོང་རྐ་མདའ་མདོ་བ་ཕྱོགས་ནས་ཡིན་པའི་བཙུན་མ་སེམས་དགའ་ཟེར་བ་ཞིག་གིས་ཀྱང་རང་སྲོག་བཅད་ཡོད་ཚུལ་དང་། ཁོ་མོས་རང་སྲོག་བཅད་པའི་དུས་ཚོད་གསལ་པོ་ཤེས་རྟོགས་མེད་ནའང་། རང་སྲོག་བཅད་དོན་ཆོས་ཀྱི་སློབ་གཉེར་བྱེད་སའི་བླ་རུང་ཆོས་སྒར་གྱི་གྲྭ་ཤག་རྒྱ་གཞུང་གིས་བཙན་གྱིས་གཏོར་བཤིག་བྱེད་བཞིན་པ་དང་འབྲེལ་བ་ཡོད་པ་བོད་ནང་གི་ སྤྱི་ཚོགས་ནང་མང་པོ་ཞིག་གིས་ཡིད་ཆེས་བྱེད་བཞིན་པ་ངོ་སྤྲོད་གནང་འདུག
ཡང་གོང་དུ་བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་རང་སྲོག་བཅད་པའི་དོན་རྐྱེན་དེ་བྱུང་རྗེས་བཙུན་མ་ཚོས་རྒྱ་གཞུང་གི་ལས་བྱེད་ལ་ཞུ་གཏུག་བྱས་སྐབས། ཁོ་ཚོས་གྲྭ་ཤག་གཏོར་བཤིག་དང་འབྲེལ་ནས་སེམས་སྡུག་དང་རང་སྲོག་བཅད་པ་དེ་སྡུག་གྱོང་རེད་ཅེས་བརྗོད་ཡོད་འདུག་ལ། ད་དུང་ཡང་ཉིན་གཉིས་ཀྱི་སྔོན་ཕ་ཡུལ་རྫ་ཆུ་ཁ་ནས་ཡིན་པའི་བཙུན་མ་ཞིག་གིས་ཀྱང་རང་སྲོག་བཅད་རྩིས་བྱས་སྐབས། གཡས་གཡོན་གྱི་བཙུན་མ་ཁ་ཤས་ཀྱིས་མཐོང་སྟེ་བཀག་ཐུབ་པ་བྱུང་སྟེ་སེམས་གསོ་ཡིས་སྲོག་སྐྱོབ་ཐུབ་ཡོད་འདུག
དེའི་སྔོན་དུ་ཡང་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་དང་འབྲེལ་ནས་བཙུན་མ་རིག་འཛིན་སྒྲོལ་མ་ཞུ་བ་ཞིག་གིས་རང་སྲོག་བཅད་ཡོད་པ་རེད།
གསར་འགོད་པ་གུ་རུ་ཆོས་སྐྱིད།