བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བོད་དོན་གོམ་བགྲོད་ཏེཛ་པུར་ནས་མཇུག་སྒྲིལ་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ཟླ་༤བའི་ཚེས་༢༩ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས་བོད་དོན་ཛ་དྲག་གླེང་སློང་གི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ནས་ཉིན་རེར་རྒྱང་ཐག་སྤྱི་ལེ་༢༥ལྷག་གོམ་བགྲོད་གནང་བཞིན་འདི་ཚེས་༢༡ཉིན་རྒྱ་གར་ཨ་སམ་མངའ་སྡེའི་ཏེཛ་པུར་(Tezpur)་གྲོང་ཁྱེར་དུ་འབྱོར་ནས་གོམ་བགྲོད་ལས་འགུལ་མཇུག་སྒྲིལ་ཡོད་པ་དང་། ཚེས་༢༣ཉིན་གོམ་བགྲོད་ལས་འགུལ་མཇུག་སྡོམ་གྱི་མཛད་སྒོ་ཚོགས་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཐེངས་འདིའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་དང་། གོམ་བགྲོད་ལས་འགུལ་མཇུག་སྒྲིལ་གནང་ཡུལ་ས་གནས་ཏེཛ་པུར་བདམས་དགོས་དོན་ནི། ས་གནས་དེ་བཞིན་བོད་ལ་མཚོན་ན་ལོ་རྒྱུས་རང་བཞིན་ལྡན་པའི་ས་ཚིགས་ཞིག་ཆགས་ཀྱི་ཡོད་པ་དང་། བོད་ཀྱི་ལོ་རྒྱུས་ཐོག་ཕྱི་ལོ་༡༩༥༡ཟླ་༥ཚེས་༢༣དེ་བཞིན་རྒྱ་དམར་གཞུང་གིས་བོད་མི་ཚོར་མི་འདོད་བཞིན་དུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་དབང་གིས་བཞག་བཅུག་ཡོད་པས་མུན་ནག་གི་ཉིན་མོ་ཞིག་ཆགས་ཀྱི་ཡོད་པ། སྤྱི་ལོ་༡༩༥༩ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན ཆེན་པོ་མཆོག་བཙན་བྱོལ་དུ་ཞབས་སོར་ཐོག་མར་འཁོད་སྐབས་ཏེཛ་པུར་ས་གནས་སུ་རྒྱལ་སྤྱིའི་གསར་འགོད་གསལ་བསྒྲགས་ཐོག་མ་དེ་གནང་ནས། སྐབས་དེར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ངོས་ལེན་མེད་པའི་ཡོང་ཁྱབ་གསལ་བསྒྲགས་བསྐྱངས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ནུས་མེད་རྩིས་མེད་དུ་བཏང་ཡོད་པ་སོགས་མང་ཚོགས་ལ་ངོ་སྤྲོད་གཏམ་བཤད་གནང་པ་དང་ཆབས་ཅིག་ཁོང་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་ཐོག་ལག་བསྟར་བྱེད་བཞིན་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་དེའི་ཛ་དྲག་གནས་སྟངས་འོག་ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོ་ཁོང་རྣམ་པའི་མགྲིན་ཚབ་པ་ཞིག་དང་། ཁོང་ཚོའི་མངོན་འདོད་སྒྲུབ་རྒྱུ་ནི་ང་ཚོ་བཙན་བྱོལ་ནང་ཡོད་པས་བོད་མི་ཚང་མའི་ལས་འགན་ཡིན་པ་གསུངས་གནང་སོང་།
ཡང་ཁོང་གིས་ད་རེས་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན་ཐོག་མ་དང་མཐའ་མ་མིན་པར་མ་འོངས་པར་མུ་མཐུད་དུ་ལས་འགུལ་སྤེལ་རྒྱུ་དང་། ད་རེས་ཀྱི་གོ་སྐབས་འདི་བརྒྱུད་རྒྱ་ནག་གཞུང་ལ་བོད་དོན་བདེན་མཐའ་མ་གསལ་བར་དུ་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཚོས་བོད་དོན་འཐབ་རྩོད་དང་འབྲེལ་བའི་ལས་འགུལ་མུ་མཐུད་དུ་སྤེལ་རྒྱུའི་དམ་བཅའ་དང་བརྡ་ལན་སྤྲད་གནང་སོང་།
མཐའ་དོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ད་རེས་ཀྱི་གོམ་བགྲོད་ལས་འགུལ་བ་དང་དྭང་བླང་ཞབས་ཞུ་བ་ཡོང་ལ་ལེགས་གསོའི་ཕྱག་འཁྱེར་འབུལ་ཡོད་པ་དང་། ད་རེས་ཀྱི་གོམ་བགྲོད་ལས་འགུལ་བ་༨༧ཡོད་པའི་ནང་ནས་བརྒྱ་ཆ་༤༠ལྷག་ལོ་ན་༦༠ཡན་ཡིན་པ་རེད་འདུག
ཐེངས་འདིའི་མཇུག་སྡོམ་མཛད་སྒོའི་ཐོག་འཕགས་བོད་མཛའ་འབྲེལ་ཚོགས་པའི་རྒྱུན་ལས་རྣམ་པ་དང་། བསྟན་འཛིན་སྒང་བོད་མིའི་གཞི་ཆགས་ནས་ཕེབས་པའི་ས་གནས་གཞོན་ནུ་དང་བུད་མེད་ཀྱི་རྒྱུན་ལས། ས་གནས་མི་མང་། དེ་བཞིན་ཏེཛ་པུར་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བ་ནང་པའི་མི་རིགས་ཁག་ཅིག་བཅས་མཉམ་ཞུགས་གནང་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།