རྒྱ་ནག་ནི་འཛམ་གླིང་གི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་ཡིན་པ་དབྱིན་ཡུལ་སྲིད་བློན་འོས་མིས་གསུང་འདུག

2022.07.25
རྒྱ་ནག་ནི་འཛམ་གླིང་གི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་ཡིན་པ་དབྱིན་ཡུལ་སྲིད་བློན་འོས་མིས་གསུང་འདུག དབྱིན་ཡུལ་གྱི་སྲིད་བློན་འོས་མི་སྐུ་ཞབས་(Rishi Sunak)་ལགས། ༠༧།༡༢།༢༠༢༢
AP

དབྱིན་ཡུལ་གྱི་སྲིད་བློན་(Boris Johnson)གི་སྲིད་བློན་གྱི་ལས་ཡུན་རིང་། རྙོག་གླེང་བསྟུད་མར་བྱུང་ནས་མཐར། ཉེ་སྔོན་ཁོང་གི་དབུ་ཁྲིད་པའི་འཛིན་སྐྱོང་གི་མཐོ་རིམ་མི་སྣ་དང་། སྲིད་ཞུའི་ལས་བྱེད་པ་བརྒྱ་ཕྲག་མང་པོས་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ལས་གནས་ནས་རྩ་དགོངས་ཞུས་པའི་རྗེས་སྲིད་བློན་རང་ཉིད་ནས་ཀྱང་རྩ་དགོངས་ཞུ་རྒྱུའི་གསལ་བསྒྲགས་གནང་དགོས་བྱུང་ཡོད་པ་རེད།
ད་ཆ་ཁོང་གི་ཚབ་ཏུ་གཞུང་འཛིན་རྙིང་ཞེན་ཆབ་སྲིད་ཚོགས་པ་ནང་ཁུལ་ནས་ནོར་སྲིད་བློན་ཆེན་ཟུར་པ་(Rishi Sunak)་དང་། ཕྱི་སྲིད་བློན་ཆེན་(Liz Truss)་རྣམ་གཉིས་བར་སྲིད་བློན་གྱི་འོས་མིའི་འགྲན་རྩོད་འགྲོ་བཞིན་ཡོད་པ་དང་། རེས་གཟའ་ཟླ་བའི་ཉིན་སྲིད་བློན་འོས་མི་སྐུ་ཞབས་(Rishi Sunak)་ལགས་ཀྱིས། འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་སྤྱི་བསྒྲགས་ཞིག་སྤེལ་བའི་ནང་། དབྱིན་ཡུལ་དང་འཛམ་གླིང་སྤྱིའི་དཔལ་འབྱོར་དང་བདེ་འཇགས་ཀྱི་ཐད་ལ་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ན་རྒྱ་ནག་དེ་བཞིན་ཉེན་ཁ་ཆེ་ཤོས་ཡིན་པ་དང་། དབྱིན་ཡུལ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཆབ་སྲིད་མི་སྣ་ཚོས་རྒྱུན་རིང་བོར་རྒྱ་ནག་གི་སྲིད་བྱུས་ངན་པའི་ལས་དོན་དང་དམིགས་ཡུལ་བཅས་པ་སྣང་མེད་དུ་བཏང་ཡོད་པ་དང་། གལ་སྲིད། ཁོང་སྲིད་བློན་དུ་བདམས་ཐོན་བྱུང་སྟེ་ཆབ་སྲིད་ཀྱི་མཛད་འགན་འཁུར་བའི་ཉིན་དང་པོ་རང་ནས་དེའི་ཐད་འགྱུར་བ་གཏོང་རྒྱུ་ཡིན་པ་གསལ་བཏོན་དང་མཉམ། དབྱིན་ཡུལ་ནང་རྒྱ་ནག་གི་ཤུགས་རྐྱེན་དང་ཐེ་ཇུས་ལ་གདོང་ལེན་གནང་བར་དབྱིན་ཡུལ་ནང་གི་རྒྱ་ནག་གི་(Confucius)་འམ་ཁུང་ཙི་སློབ་གསོ་ལྟེ་གནས་ཞེས་པའི་རྒྱའི་སྐད་ཡིག་དང་རིག་གཞུང་ཁྱབ་སྤེལ་གྱི་ལྟེ་གནས་ཁག་སྒོ་རྒྱག་རྒྱུ་དང་། དབྱིན་ཡུལ་གྱི་གསང་བའི་ལས་ཁུངས་ཁག་ནས་རྒྱ་ནག་གི་གསང་བ་མཁོ་སྒྲུག་ཀྱི་ལས་དོན་ལ་གདོང་ལེན་ནན་པོ་བྱ་རྒྱུ། དེ་བཞིན་གནད་འགག་ཅན་གྱི་དབྱིན་ཡུལ་གྱི་འཕྲུལ་ལས་བཟོ་ཚོང་ཁང་ཁག་གིས་རྒྱ་ནག་གི་ཁེ་ལས་བཟོ་ཚོང་ཁང་ཁག་དང་མཉམ་འབྲེལ་དམ་དྲག་བྱ་རྒྱུའི་འཆར་གཞི་ཡོད་པ་བསྒྲགས་འདུག
རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟའི་འཆར་བསམ་ཤོག་བསྡུ་ལེན་བྱས་པའི་ནང་དབྱིན་ཡུལ་གྱི་རྙིང་ཞེན་ཚོགས་པ་ནང་ཁུལ་ནས་(Liz Truss)་ལགས་ལ་ཕྲན་བུའི་རྒྱབ་སྐྱོར་མང་བ་ཡོད་པ་མངོན་གྱི་ཡོད་ཀྱང་། འོས་མི་(Rishi Sunak)་ལགས་ནས་ཕྱི་ཟླ་༩པའི་ཚེས་༥ཉིན་ཆབ་སྲིད་ཚོགས་པའི་ཚོགས་མི་བཅས་ཀྱིས་སྲིད་བློན་འོས་འདེམས་ཀྱི་འོས་བསྡུ་མ་བྱས་གོང་འོས་མིའི་བར་བགྲོ་གླེང་གི་བརྒྱུད་རིམ་དང་། དེ་བཞིན་འོས་བསྡུའི་དྲིལ་བསྒྲགས་བཅས་པ་བརྒྱུད་འོས་ཐོབ་ཀྱི་རེ་བ་ཆེན་པོ་གནང་གི་ཡོད་པ་བཀོད་འདུག

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎