རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐང་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཤིན་ཅང་ནང་ཕེབས་ཐུབ་མི་འདུག

2021-09-13
Share
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐང་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཤིན་ཅང་ནང་ཕེབས་ཐུབ་མི་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་(Michelle Bachelet)་ལགས།
AFP

འདི་ཚེས་༡༣་གཟའ་ཟླ་བ་ཉིན། སུད་སི་གྲོང་ཁྱེར་ཇཱེ་ནེ་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་དུས་འགོ་འཛུགས་སྐབས་སུ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་འགན་འཛིན་མཆོག་གིས། ཁོང་གིས་ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་ཡུ་གུར་རང་སྐྱོང་ས་གནས་སུ་དོན་སྙིང་ལྡན་པའི་གནས་ཚུལ་དཔྱད་ཞིབ་ཀྱི་ཆེད་བསྐྱོད་ཐུབ་ཆེད་རྒྱ་ནག་གཞུང་དང་འབྲེལ་བ་གང་ཡོང་བྱས་ཀྱང་གྲུབ་འབྲས་མ་སོན་པར་བློ་འགྱོད་བྱུང་ཅེས་གསུངས་འདུག
གཞན་ཡང་ཁོང་མོས་ས་གནས་ས་ཐོག་ལ་དངོས་སུ་བསྐྱོད་ནས་མཐོང་ཐོས་ཀྱི་གནས་ཚུལ་ལ་དཔྱད་རྒྱུའི་གོ་སྐབས་མ་བྱུང་ཡང་། ད་ལྟ་ཡོད་བཞིན་པའི་གནས་ཚུལ་ཕྱོགས་བསྡུས་ཀྱིས་རྒྱ་ནག་གཞུང་གིས་ཤིན་ཅང་ས་གནས་སུ་འགྲོ་བ་མའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་གི་ཡོད་ལུགས་བརྗོད་བཞིན་པའི་གནད་དོན་མི་མང་ལ་ཕྱིར་བསྒྲགས་དང་ཤེས་རྟོགས་ཆེད་སྙན་ཐོ་ཞིག་འདོན་སྤེལ་བྱེད་རྒྱུ་དང་། དེའི་ཐོག་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱིས་ཕྱག་ལས་གནང་མུས་ཡིན་ཅེས་དང་། ད་དུང་རྒྱ་ནག་དང་ཕན་ཚུན་ཕྱོགས་གཉིས་ཀ་མོས་མཐུན་ཡོད་པའི་ཐབས་ལམ་ཞིག་གི་འོག་ཤིན་ཅང་ས་ཁུལ་དུ་གནས་ཚུལ་རྟོགས་ཞིབ་ཆེད་གཟིགས་སྐོར་བསྐྱོད་ཐུབ་རྒྱུའི་ཐབས་ཤེས་གནང་མུས་ཡིན་ཅེས་བརྗོད་འདུག
སྐབས་དེར་ཁེ་ཎ་ཌ་གཙོས་རྒྱལ་ཁབ་༤༥་ཡིས། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འགན་འཛིན་མཆོག་ཤིན་ཅང་ས་ཁུལ་དུ་གང་མགྱོགས་ཕེབས་འཇུག་དགོས་པ་ནན་སྐུལ་གནང་སྐབས། རྒྱ་ནག་གཞུང་གིས་རྒྱལ་ཁབ་དེ་དག་ལ་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པ་ཞིག་རེད་ཅེས་ངོས་ལེན་མ་བྱས་པའི་ཁར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འགན་འཛིན་རྒྱ་ནག་ཏུ་ཕེབས་རྒྱུར་དགའ་བསུ་ཡོད། འོན་ཀྱང་དེ་ཕན་ཚུན་གོ་རྟོགས་བརྗེ་ལེན་མ་གཏོགས་ཞིབ་འཇུག་བྱེད་རྒྱུ་ལ་འདོད་པ་མེད་པའི་རྣམ་འགྱུར་བསྟན་ནས་རྒྱལ་ཚོགས་ཀྱི་འགན་འཛིན་ཤིན་ཅང་ནང་བསྐྱོད་རྒྱུར་འགོག་རྐྱེན་མུ་མཐུད་བཟོས་གནང་ཡོད་པ་རེད།
དེ་སྔོན་འདི་ལོ་སྤྱི་ཟླ་༢་པའི་ཟླ་མཇུག་ཏུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་མཆོག་གིས་ཤིན་ཅང་ས་གནས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཕྱོགས་ཡོངས་ཀྱི་གནས་ཚུལ་གོ་རྟོགས་ཐུབ་ཆེད་རང་དབང་ཅན་གྱི་སྡེ་ཚན་གྱིས་ཞིབ་འཇུག་དགོས་པ་གསུངས་ཡོད་པ་རེད།

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།