རྒྱ་ནག་པེ་ཅིང་གི་ཨ་རིའི་གཞུང་ཚབ་ཆེན་མོས་ལས་གནས་ནས་རྩ་དགོངས་ཞུ་རྒྱུ་ཡིན་འདུག

2020-09-14
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་སྲིད་འཛིན་གཞོན་པ་(Wang Qishan)་དང་ཨ་རིའི་གཞུང་ཚབ་ཆེན་མོ་(Terry Branstad)་གཉིས་པེ་ཅིང་དུ། ༢༠༡༩།༡༠།༡
རྒྱ་ནག་གི་སྲིད་འཛིན་གཞོན་པ་(Wang Qishan)་དང་ཨ་རིའི་གཞུང་ཚབ་ཆེན་མོ་(Terry Branstad)་གཉིས་པེ་ཅིང་དུ། ༢༠༡༩།༡༠།༡
AFP

རྒྱ་ནག་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་(Terry Branstad)་ལགས་ཀྱིས་ལས་གནས་ནས་རྩ་དགོངས་ཞུ་རྒྱུ་ཡིན་པ་རེད་འདུག
ཨ་རིའི་གསར་ལམ་ཆེ་ཁག་གི་གནས་ཚུལ་ལྟར་ན། འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨ་རི་དང་རྒྱ་ནག་གཉིས་བར་ཀྱི་འབྲེལ་བ་ཛ་དྲག་ཅན་དུ་འགྱུར་བཞིན་པའི་སྐབས་འདིར། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་(Terry Branstod)་ལགས་ལས་གནས་ནས་རྩ་དགོངས་ཞུ་རྒྱུ་ཡིན་པ་རེད་འདུག དེའི་ཐད་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་ལགས་ཀྱིས་འདི་ཚེས་༡༤་གཟའ་ཟླ་བ་ཉིན་ཁོང་གིས་(Twitter)་དྲ་ཐོག་ཏུ་ཨ་རིའི་གཞུང་ཚབ་ཆེན་མོ་(Branstad)་ལགས་ཀྱི་ལས་དོན་ཞབས་ཞུའི་སྐོར་བརྗོད་དུས། ཁོང་གིས་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ལ་ཆ་སྙོམས་པོའི་སྒོ་ནས་ལས་དོན་བསྒྲུབ་ནས་དེའི་གྲུབ་འབྲས་སུ་ཕར་སྤྲོད་ཚུར་ལེན་དང་། དྲང་བདེན་གྱི་ལངས་ཕྱོགས་འཛིན་ཐུབ་པ་བྱུང་ཡོད་ཅེས་བརྗོད་འདུག ཡིན་ཡང་ཁོང་ལས་གནས་ནས་རྩ་དགོངས་ཞུ་དོན་སྐོར་གསལ་པོ་བཀོད་མེད་པ་རེད།
རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས་གོང་ཞུས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡི་(twitter)་བརྒྱུད་སྤེལ་བའི་ཡི་གེ་དེའི་སྐོར་ཤེས་རྟོགས་ཡོད་པ་བརྗོད་འདུག
སྐུ་ཞབས་(Terry Branstad)་ནི་ཨ་རིའི་(Iowa)་མངའ་སྡེའི་སྲིད་སྐྱོང་མི་ལོ་༢༠་ལྷག་རིང་གནང་ཡོད་པ་དང་། སྤྱི་ལོ་༢༠༡༧་ལོར་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་རྗེས་སྤྱི་ལོ་༢༠༡༩་ལོའི་སྤྱི་ཟླ་བའི་ནང་། མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གཞུང་འབྲེལ་མཚམས་གཟིགས་གནང་ཡོད་པ་དང་། སྐབས་དེར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་བཀའ་ལན་གནང་བའི་ནང་། ཨ་རིའི་གཞུང་ཚབ་ཆེན་མོ་བོད་ནང་གཟིགས་སྐོར་གནང་རིང་། ས་གནས་ཀྱི་འགོ་ཁྲིད་ཆེ་ཁག་ལྷན་དུ་བོད་མིའི་མངོན་འདོད་དང་། བོད་མིའི་ཆོས་དད་དང་རང་དབང་། བོད་མིའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བཅས་ཀྱི་གནད་དོན་གལ་ཆེའི་ཐོག་བཀའ་མོལ་གནང་ཡོད་པ་བརྗོད་གནང་ཞིང་། དེ་ནི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་གོ་སྐབས་བཟང་པོ་ཞིག་ཡིན་པར་ངོས་འཛིན་གནང་བ་དང་སྦྲགས། དེ་ལྟ་བུའི་འཚམས་གཟིགས་ནི། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཁོར་ཡུག་བཅས་པའི་གལ་འགངས་ཀྱི་རང་བཞིན་དངོས་སུ་མཁྱེན་རྟོགས་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་གསུངས་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།