རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་སྐྱོན་བརྗོད།

2021.03.20
རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་སྐྱོན་བརྗོད། རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིས་ཐན་ཏེ་ཤིང་ཅང་ཞེས་འབོད་པའི་མངའ་ཁུལ་ལ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་ལ་རྒྱལ་སྤྱིའི་ཡུལ་ཁག་ནས་སྐྱོན་བརྗོད་ཤུགས་ཆེ་གནང་བ།
མཉམ་འབྲེལ་རྒྱལ་ཚོགས།

ཨ་མི་རི་ཀ་དང་། ཁེ་ན་ཌ། དེ་བཞིན་འཇར་མེ་ནི་དང་། Austria, Czechསྤྱི་མཐུན་རྒྱལ་ཁབ་གཞན་ཡང་Denmarkདང་Finland, Netherland བཅས་པའི་སྐུ་ཚབ་ནས་ད་རེས་སུད་སིའི་གྲོང་ཁྱེར་Geneva ནང་ལྷན་ཚོགས་གནང་བཞིན་པའི་། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཚོགས་ཆེན་ཐེངས་༤༦པའི་ཐོག་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིས་ཐན་ཏེ་ཤིང་ཅང་ཞེས་འབོད་པའི་མངའ་ཁུལ་ལ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན། དྲག་གནོན་གྱི་སྲིད་བྱུས་དེ་ཚོ་འཕྲལ་དུ་མཚམས་འཇོག་དགོས་པ་གསུངས་ཡོད་པ་རེད། དེ་ཡང་གོང་ཞུས་རྒྱལ་ཁབ་ཁག་གི་Geneva ནང་ཡོད་པའི་གཞུང་ཚབ་ཀྱི་འབྲེལ་ཡོད་སྐུ་ཚབ་ནས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཆོས་ལུགས་ཀྱི་རང་དབང་ལ་དམ་དྲག་དང་། ཆབ་སྲིད་ཀྱི་སློབ་གསོའི་ལས་འགུལ་སྤེལ་བཞིན་པ་ཁག་མཚམས་འཇོག་དང་། གཞན་ཡང་དྲྭ་རྒྱར་དམ་དྲག་གི་མཚོན་བོད་ནང་བོད་མིའི་སྨྲ་བརྗོད་རང་དབང་བཅས་པར་དམ་དྲག་བྱེད་བཞིན་པའི་གནད་དོན་ལ་སྐྱོན་བརྗོད་ཤུགས་ཆེ་་གནང་འདུག རྒྱ་ནག་གཞུང་གིས་བོད་ནང་བོད་མིར་དམ་དྲག་དྲག་གནོན་གྱི་སྲིད་བྱུས་ཤུགས་ཆེ་ལག་བསྟར་བྱེད་བཞིན་པའི་གནས་སྟངས་འོག་ཉེ་ལམ་བོད་རིགས་གཞོན་ནུ་ལོ་༡༩ལས་མ་སོན་པའི་བསྟན་འཛིན་ཉི་མ་ལགས་དང་ཡང་རང་ལོ་༥༡ཡིན་པའི་ཡུལ་འཁོར་སྤྲོ་འཆམ་པའི་སྣེ་ཤན་པའི་ཕྱག་ལས་གནང་མཁན་དཀོན་མཆོག་སྦྱིན་པ་ལགས་གཉིས་བཙོན་ཁང་ནང་རྡུང་རྡེག་ཚ་ནན་འོག་རྐྱེན་ལམ་དུ་བཏང་ཡོད་པ་རེད། ཡང་ད་རེས་ཉིན་ཤས་གོང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཁང་གི་ཚོགས་ཆེན་ཐོག་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཉན་ཞིབ་ནང་། རྒྱལ་སྤྱིའི་Helsinki Foundation for Human Rightsསྟེ་ Helsinki འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐེབས་རྩའི་སྐུ་ཚབ་སྐུ་ཞབས་ Kai Müllerདང་ཡང་Society for Threaten Peoplesསྟེ་མི་རིགས་རྩ་བརླགས་འགྲོ་ཉེན་ཆེ་བའི་ཚོགས་པའི་སྐུ་ཚབ་ཀྱི་ངོ་བོར་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་འགན་འཁུར་བ་སྐལ་ལྡན་མཚོ་མོ་ལགས་གཉིས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་ངོས་ནས་རྒྱ་ནག་གིས་བོད་ནང་བོད་མིར་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཁག་མཚམས་འཇོག་ཡོང་ཐབས་ལ་འགན་འཁུར་གནང་དགོས་པའི་རེ་འདུན་ཤུགས་ཆེ་ཞིག་བཏོན་གནང་འདུག དེ་ཡང་སྐུ་ཞབས་Kai Muller གིས་རྒྱལ་ཚོགས་ཀྱི་ལྷན་ཚོགས་ལ་རྒྱ་ནག་གཞུང་གིས་སྔར་ལོ་བོད་ནང་དབུལ་ཕོངས་ངལ་སེལ་གྱི་ལས་དོན་གྱི་མིང་ཐོགས་གྲོང་གསེབ་ས་ཁུལ་ཁག་ནས་བོད་ས་ཡ་ཕྱེད་ཀ་ཉེ་བ་རང་གི་ས་ཞིང་འདེབས་ལས་བྱེད་ནས་འཚོ་བ་སྐྱེལ་བཞིན་པའི་གནས་སྟངས་ནས་གཞིས་སྤོས་ཀྱིས་དམག་མིའི་་སྒྲིག་འཛུགས་འདྲ་བའི་བཟོ་གྲྭའི་ནང་བཙན་ཤེད་ཀྱིས་ངལ་རྩོལ་བསྒྱུར་བཀོད་ལ་སྐུལ་བཞིན། ཤིང་ཅང་ནང་ཡུ་གོར་ཁ་ཆེ་མང་ཚོགས་ཀྱི་གནས་སྟངས་དང་མཚུངས་པའི་སྲིད་བྱུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གི་དགོས་དོན་དམིགས་ཡུལ་དེ་དབུལ་ཕོངས་ངལ་སེལ་གྱི་ལས་གཞི་སྤེལ་བའི་མིང་ཐོགས་མདོར་དོན་བོད་མི་ཚོར་རང་གི་ཆོས་ལུགས་ཀྱི་ཤུགས་རྐྱེན་མེད་པ་བཟོ་རྒྱུའི་ངན་བྱུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པ་གསུངས་ཡོད་པ་རེད། ཕྱོགས་མཚུངས་ལྷན་ཚོགས་ཐོག་མི་རིགས་རྩ་བརླགས་འགྲོ་ཉེན་ཆེ་བའི་སྤྱི་ཚོགས་ཀྱི་སྐུ་ཚབ་ཀྱི་ངོ་བོར་སྐལ་ལྡན་མཚོ་མོ་ལགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཚོགས་ལ་རྒྱ་ནག་གཞུང་གིས་བོད་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགོག་སྲུང་གི་མིང་ཐོགས་བོད་མི་ཚོར་ཆབ་སྲིད་ཀྱི་དམ་དྲག་ཤུགས་ཆེ་བྱེད་བཞིན། མཐའ་ན་བོད་མི་ཚོར་༧གོང་ས་མཆོག་གི་སྐུ་པར་ཞིག་དབང་བའི་རང་དབང་མེད་པ་བཟོ་བཞིན་ཡོད་པ་མ་ཟད། བོད་ནང་བོད་སྐད་དང་བོད་ཡིག་གི་ཚབ་ཏུ་རྒྱ་སྐད་སློབ་ཁྲིད་ལ་སྐུལ་ཏེ་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་རྩ་བརླག་གཏོང་རྒྱུའི་ལས་གཞི་སྤེལ་བཞིན་པར། བོད་ནང་ད་བར་བོད་མི་༡༥༥རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་དེ་ཡང་གནད་དོན་དེ་ཚོར་ཐུག་གི་ཡོད་པ་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎