ཨ་རིའི་ཕྱི་སྲིད་དྲུང་གཞོན་རྒྱ་ནག་ནང་འཚམས་གཟིགས་ཕེབས་རྒྱུ་ཡིན་འདུག

2021-07-22
Share
ཨ་རིའི་ཕྱི་སྲིད་དྲུང་གཞོན་རྒྱ་ནག་ནང་འཚམས་གཟིགས་ཕེབས་རྒྱུ་ཡིན་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་(Wendy Sherman)
AFP

དེང་སྐབས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་བར་མ་མཐུན་པའི་གནད་དོན་མང་པོ་ཡོད་པའི་སྐབས་འདིར་ཨ་རིའི་ཕྱི་སྲིད་དྲུང་གཞོན་རྒྱ་ནག་ནང་འཚམས་གཟིགས་ཕེབས་རྒྱུ་ཡིན་འདུག
དེང་སྐབས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་བར་མ་མཐུན་པའི་གནད་དོན་མང་པོ་ཡོད་པ་སྤྱི་དང་། ལྷག་དོན་དུ་རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་དྲག་གནོན་ཆེ་བའི་སྲིད་ཇུས་འཛིན་བཞིན་པ་དང་། ཐེ་ཝན་ལ་སྡིག་ར་གཏོང་བཞིན་པ་སོགས་གནད་དོན་མང་པོའི་ཐོག་མ་མཐུན་པར་ཡོད་པའི་སྐབས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་(Wendy Sherman)་ལགས་གཟའ་འཁོར་འདིའི་གཟའ་མཇུག་ལ་རྒྱ་ནག་ལ་ཕེབས་འཆར་འདུག
འདི་ཚེས་༢༡་རེས་གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་བསྒྲགས་གནང་བ་ལྟར་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་(Wendy Sherman)་ལགས་ད་རེས་ཉི་ཧོང་དང་། ལྷོ་ཀོ་རི་ཡ། སོག་ཡུལ་བཅས་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གཅིག་ནང་འཚམས་གཟིགས་གནང་ཞོར་རྒྱ་ནག་ནང་ཕེབས་འཆར་ཡོད་པ་དང་། ཁོང་གིས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ནུབ་བྱང་གྲོང་ཁྱེར་ཐེན་ཅིན་(Tianjin)་ནང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་(Wang Yi)་དང་མཇལ་འཕྲད་གནང་འཆར་ཡོད་འདུག
ལྕམ་(Wendy Sherman)་ལགས་ནི། སྐུ་ཞབས་(Joe Biden)་ལགས་ཀྱིས་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུ། རྒྱ་ནག་ནང་འཚམས་གཟིགས་ལ་ཕེབས་མཁན་ཨ་རིའི་དཔོན་རིགས་མཐོ་ཤོས་དེ་ཆགས་རྒྱུ་ཡིན་པ་རེད། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ལྕམ་ཝན་ཌེ་ཤར་མན་ལགས་རྒྱ་ནག་ནང་ཕེབས་དོན་ནི། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོ་དང་དངོས་སུ་ཐུག་ནས་ཨ་རིའི་ཁེ་ཕན་དང་རིན་ཐང་ཁག་གོང་འཕེལ་གཏོང་ཐབས་དང་། ཡུལ་གྲུ་གཉིས་བར་གྱི་འབྲེལ་ལམ་ལ་འགན་འཁུར་ལྡན་པའི་ཐོག་ནས་སྐྱོང་སྟངས་སྐོར་བཀའ་བསྡུར་གནང་རྒྱུ་སྤྱི་དང་། ལྷག་དོན་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱ་སྤྱོད་ཁག་ཅིག་གི་ཐད་ཨ་རིར་སེམས་ཚབས་ཆེན་པོ་ཡོད་པ་དེ་དག་གི་སྐོར་ཁ་གསང་པོའི་ཐོག་ནས་བཀའ་བསྡུར་གནང་རྒྱུ་དང་། ཡང་ཡུལ་གྲུ་ཕན་ཚུན་གཉིས་ཀས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ཐད། བྱང་ཀོ་རི་ཡ་དེ་བཞིན་གྲོས་མོལ་ནང་ཕྱིར་ལོག་ཡོང་རྒྱུ་སོགས་ཀྱི་སྐོར་ཡང་བཀའ་བསྡུར་གནང་རྒྱུ་ཡིན་ལུགས་གསུངས་འདུག
ཨ་རིས་གཟའ་ཟླ་བའི་ཉིན་ཨ་རིའི་དྲ་རྒྱའི་ནང་རྒྱ་ནག་སིམ་འཛུལ་གྱིས་ཨ་རིའི་ཚོང་འབྲེལ་གྱི་གསང་གནས་དང་བཟོ་རྩལ་རིག་གནས། དེ་བཞིན་ན་ཚའི་སྐོར་ཞིབ་འཇུག་གི་ཡིག་ཆ་ཁག་རྐུ་ཁྱེར་བྱས་པའི་སྐྱོན་བརྗོད་དང་མཉམ་རྒྱ་ནག་གི་མི་སེར་བཞི་ལ་ནག་ཉེས་བཙུགས་ཡོད་པ་རེད།
ད་དུང་ཨ་མི་རི་ཀས་བདུན་ཕྲག་སྔོན་མར། ཤར་ཏུར་ཀིསུ་ཐན་ནང་གི་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་ཡུ་གུར་གཙོས་པའི་ཁ་ཆེའི་མི་རིགས་ཚོར་ངལ་རྩོལ་སྐུལ་བ་ལས་བྱུང་བའི་དངོས་ཟོག་ཚོང་འབྲེལ་བྱེད་མཁན་ཁག་ལ་སྔོན་བརྡ་བཏང་བ་མ་ཟད། ཧོང་ཀོང་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་ཧོང་ཀོང་ནང་མ་རྩ་འཛུགས་མཁན་དང་ཚོང་འབྲེལ་བྱེད་མཁན་ཚོར་ཡང་སྔོན་བརྡ་སོགས་བཏང་ཡོད་པ་རེད།།

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།