ཨ་རིའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ནང་ཚད་མཐོའི་འཕྲུལ་བཟོ་གྲྭ་གསར་རྒྱག་མི་ཆོག་པའི་བཀོད་ཁྱབ་བཏང་འདུག

0:00 / 0:00

དེ་ཡང་ཕྱི་ཚེས་༦ཉིན་དབྱིིན་ཇིའི་བྷེ་བྷེ་སི་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་(Biden)་གྱིས་དབུ་ཁྲིད་པའི་འཛིན་སྐྱོང་གིས་ཨ་རིའི་ནང་འཕྲུལ་རིག་ལག་རྩལ་ལ་མཁོ་བའི་(Semiconductor)་འམ་ཉེ་བའི་བརྒྱུད་རྫས་ཀྱི་ཐོན་སྐྱེད་འཕེལ་རྒྱས་སླད་ ཨ་རིའི་ཚད་མཐོའི་འཕྲུལ་ལས་བཟོ་ཚོང་ཁང་ཁག་ལ་མ་གནས་ཨ་སྒོར་ཐེར་འབུམ་༥༠ཐམ་པའི་རོགས་དངུལ་གསལ་བསྒྲགས་གནང་ཞིང་། རོགས་དངུལ་དེ་ལེན་པའི་ཆ་རྐྱེན་ཁོངས་སུ་ཨ་རིའི་བཟོ་ཚོང་ལས་ཁང་ཚོས་མ་འོངས་ལོ་བཅུའི་རིང་རྒྱ་ནག་ནང་ཚད་མཐོའི་འཕྲུལ་ལས་ཀྱི་བཟོ་གྲྭ་གསར་པ་འཛུགས་བསྐྲུན་བྱེད་མི་ཆོག་པའི་ལམ་སྟོན་གསལ་བསྒྲགས་བྱས་ཡོད་འདུག
དེའི་ཐད་སི་པན་ནང་གནས་སྡོད་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་སྐབས། ཁོང་གིས། ཨ་རིས་རབ་དང་རིམ་པར་རྒྱ་ནག་དང་འབྲེལ་བའི་ཁྲིམས་གཞི་གཏན་འབེབས་དང་བཀག་སྡོམ་བཀའ་རྒྱ་བསྒྲགས་པ་ཁག་ནི། ད་བར་རྒྱ་ནག་གཞུང་གིས་ཕྱི་འབྲེལ་ཚོང་ལས་སྐབས་དང་། ཕྱིའི་འཕྲུལ་རིག་ལག་རྩལ་རྐུ་འཁྱེར་བྱས་བའི་གནད་དོན་དང་འབྲེལ་བ་ཡོད་པ་དཔྱད་པ་གནང་བྱུང་།
ཉེ་བའི་དུས་སུ་ཨ་རིའི་འཕྲུལ་རིག་བཟོ་ཚོང་ཁེ་ལས་ཁང་ཚོས་རྒྱལ་སྤྱིའི་ཁྲོམ་རའི་སྟེང་། དེང་དུས་ཀྱི་འཕྲུལ་འཁོར་ལ་ཧ་ཅང་དགོས་ངེས་ཆེ་བའི་ཉེ་བའི་བརྒྱུད་རྫས་ཀྱི་ཐོན་སྐྱེད་ནང་། རྒྱ་ནག་འབུར་ཐོན་ཡོང་བཞིན་པའི་གནས་སྟངས་ལ་བརྟེན་ནས་ཨ་རི་དབུས་གཞུང་ནས་ཨ་རིའི་ནང་ཉེ་བའི་བརྒྱུད་རྫས་ཀྱི་ཐོན་སྐྱེད་འཕེལ་རྒྱས་སླད། དབུས་གཞུང་ནས་དཔྱ་ཁྲལ་ཆག་ཡང་ལ་སོགས་པའི་མཐུན་རྐྱེན་སྦྱོར་བྱེད་དགོས་པའི་སྐུལ་མ་བྱེད་བཞིན་ཡོད་འདུག
སྲིད་འཛིན་(Biden)་མཆོག་གིས། ཨ་རིའི་འཕྲུལ་རིག་བཟོ་ཚོང་ཁེ་ལས་ཁང་ཚོས་རྒྱ་ནག་ལ་འདྲ་མཉམ་གྱི་སྒོ་ནས་འགྲན་ཟླ་ཡོང་ཕྱིར་བདུན་ཕྲག་སྔོན་མེ་དེང་རབས་འཕྲུལ་ཆས་འདྲ་མིན་ལ་དགོས་བའི་སྙིང་ལེབ་(CHIPS)་ཞེས་པ་བཟོ་བསྐྲུན་ཐད་ཁྲིམས་འཆར་བརྒྱུད་རོགས་དངུལ་མཁོ་སྤྲོད་གཏན་འབེབས་ཀྱི་ས་རྟགས་བཀོད་ཡོད་འདུག
འདི་ཚེས་༦ཉིན་ཨ་རིའི་ཚོང་འབྲེལ་དྲུང་ཆེ་ལྕམ་(Gina Raimondo)་ལགས་ཀྱིས། རོགས་དངུལ་མཁོ་སྤྲོད་གནང་ཕྱོགས་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་སྐབས་འཕྲུལ་ཆས་ཀྱི་སྙིང་ལེབ་(CHIPS)་བཟོ་བསྐྲུན་གྱི་རོགས་དངུལ་བགོ་འགྲེམས་ཀྱི་ཁྲིམས་ཡིག་ལག་བསྟར་བྱེད་སྐབས། ཚད་མཐོའི་འཕྲུལ་རིག་དང་འབྲེལ་བའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་གསང་བ་སྲུང་སྐྱོབ་ཆེད། འཕྲུལ་ལས་བཟོ་ཚོང་ཁེ་ལས་ཚོས་རོགས་དངུལ་དེ་དག་རྒྱ་ནག་ནང་མ་འཛུགས་བྱེད་མི་ཆོག་པ་མ་ཟད། ལོ་བཅུའི་རིང་རྒྱ་ནག་ནང་ཨ་རིའི་འཕྲུལ་ལས་བཟོ་གྲྭ་སྒོ་ཕྱེ་མི་ཆོག་པ་ཡིན་ཞེས་ལམ་སྟོན་ཁྲིམས་སྒྲིག་གསལ་བསྒྲགས་གནང་འདུག

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།