ཨ་རི་དང་ཁེ་ཎ་ཌས་ཐེ་ཝན་གྱི་མཚོ་ཁར་གནམ་གྲུ་བཏང་བར་རྒྱ་ནག་གཞུང་ཁོང་ཁྲོ་ལངས་འདུག

2021-10-18
Share
ཨ་རི་དང་ཁེ་ཎ་ཌས་ཐེ་ཝན་གྱི་མཚོ་ཁར་གནམ་གྲུ་བཏང་བར་རྒྱ་ནག་གཞུང་ཁོང་ཁྲོ་ལངས་འདུག ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངལ་ཁུལ་དུ་ཁེ་ཎ་ཌའི་དམག་སྦྱོང་སྐབས། ༡༡།༡༥།༢༠༢༠
Reuters

ཨ་མི་རི་ཀ་དང་ཁེ་ཎ་ཌ་རྒྱལ་ཁབ་གཉིས་ཀྱིས་ཐེ་ཝན་གྱི་མཚོ་ཁའི་ཞི་བདེ་བརྟན་ལྷིང་ཐོག་འཁྲུགས་རྐྱེན་སློང་གི་ཡོད་ཚུལ་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་འབྲེལ་དེར་གདོང་ལེན་བྱེད་རྒྱུ་ཡིན་པ་བརྗོད་འདུག
བདུན་ཕྲག་སྔོན་མར་ཨ་མི་རི་ཀ་དང་ཁེ་ཎ་ཌ་རྒྱལ་ཁབ་གཉིས་ཀྱིས་ཐེ་ཝན་གྱི་མཚོ་ཁར་མཚོ་དམག་གི་དམག་གྲུ་བཏང་བའི་ཐད། འདི་ཚེས་༡༧་རེས་གཟའ་ཉི་མ་ཉིན་རྒྱ་ནག་གི་དྲག་པོའི་དཔུང་དམག་གིས་གོང་བརྗོད་རྒྱལ་ཁབ་གཉིས་ཀྱི་བྱ་སྤྱོད་དེས་མངའ་ཁུལ་གྱི་ཞི་བདེ་བརྟན་ལྷིང་ཐོག་ཉེན་འཚབ་དང་འཁྲུག་རྐྱེན་བཟོ་བཞིན་ཡོད་པའི་སྐྱོན་བརྫོད་བྱས་འདུག ཡིན་ནའང་རྒྱ་ནག་གཞུང་གིས་ཉེ་སྔོན་ཕྱི་ཟླ་བཅུ་པའི་ཚེས་གཅིག་ནས་ཐེ་ཝན་གྱི་ཕྱོགས་སུ་དམག་གི་གནམ་གྲུ་གྲངས་༡༥༠་ཙམ་ཞིག་བཏང་བ་དེས་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བའི་གནས་བབ་དེ་ཛ་དྲག་ཏུ་བཏང་བར་རྒྱལ་སྤྱིའི་ཐོག་ནས་བློ་འཚབ་ཤུགས་ཆེ་སྐྱེས་གཞི་ཞིག་བཟོས་ཡོད་པ་རེད།
ཨ་མི་རི་ཀའི་དྲག་པོའི་དཔུང་དམག་གིས་མེ་ཤུགས་འཕུར་མདེལ་གཏོར་རྒོལ་ཐུབ་པའི་དམག་གྲུ་(USS Dewey)་ཞེས་པ་དང་། ཁེ་ཎ་ཌས་དམག་གྲུ་(HMCS Winnipeg)་ཞེས་པ་གཉིས་རྒྱ་ནག་དང་ཐེ་ཝན་གྱི་མཚོ་ཁར་བདུན་སྔོན་མའི་རེས་གཟའ་ཕུར་བུ་དང་པ་སངས་ཉིན་གཉིས་རིང་བཏང་བའི་སྐོར་བརྫོད་ཡོད་པ་རེད་འདུག དེ་བཞིན་ཨ་མི་རི་ཀའི་དྲག་པོའི་དམག་དཔུང་གིས་ཨ་མི་རི་ཀ་དང་ཁེ་ཎ་ཌའི་མཚོ་དམག་གི་དམག་གྲུ་(Dewey)་དང་(Winnipeg)་གཉིས་ཐེ་ཝན་གྱི་མཚོ་ཁར་གཏོང་དགོས་བྱུང་བ་ནི། ཨ་མི་རི་ཀ་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དེར་རྒྱལ་སྤྱིའི་མཚོ་གྲུ་ཁག་གུ་ཡངས་རང་དབང་ལྡན་པའི་ཐོག་ནས་བསྐྱོད་ཆོག་པ་མིག་སྟོན་ཆེད་གནང་བ་ཞིག་ཡིན་པའི་སྐོར་གསུང་འདུག དེར་རྒྱ་ནག་ཤར་ཕྱོགས་ཀྱི་དཔུང་སྡེའི་དབུས་ལས་ཁང་གིས་ཨ་མི་རི་ཀ་དང་ཁེ་ཎ་ཌའི་རྒྱལ་ཁབ་གཉིས་ཀྱིས་ངན་པ་ལག་འབྲེལ་གྱིས་དཀའ་རྙོག་སློང་ཆེད་དང་ཉེན་ཚབས་བཟོས་ནས་ཐེ་ཝན་གྱི་མཚོ་ཁའི་ཞི་བདེ་གཏན་ལྷིང་ཐོག་འཁྲུགས་རྐྱེན་སློང་གི་ཡོད་པའི་སྐོར་དང་། ཐེ་ཝན་དེ་རྒྱ་ནག་གི་སའི་ཆ་ཤས་ཤིག་ཡིན་པའི་སྐོར་དང་། རྒྱ་ནག་ཤར་ཕྱོགས་ཀྱི་དབུས་དཔུང་སྡེས་དུས་རྟག་ཏུ་སྲུང་བྱ་ནན་ཏན་ཐོག་ཉེན་ཚབས་དང་འཁྲུག་རྐྱེན་སློང་བ་ཁག་ལ་ཆོད་སེམས་བརྟན་པོའི་ཐོག་གདོང་ལེན་བྱེད་རྒྱུ་ཡིན་ལུགས་བརྫོད་ཡོད་པ་རེད་འདུག

གསར་འགོད་པ། ལྷུན་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།