ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་བཞུགས་སྒར་དུ་ཕེབས་འཆར་འདུག
2019.07.30
ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་རིང་མིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འཆར་ཡོད་འདུག
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་མང་གཙོ་མཉམ་སྦྲེལ་ཚོགས་ཆུང་ངམ་(House Democratic Partnership)་གྱི་ཚོགས་གཙོ་སྐུ་ཞབས་ ཌེ་ཝིཌ་པརཡིསྀ་(David Price) ་དང་ཚོགས་གཞོན་ཝརཱན་སྦུཁྷ་ནཱན་(Vern Buchanan) དབུས་པའི་གྲོས་ཚོགས་ཀྱི་འཐུས་མི་དྲུག་དང་ལས་བྱེད་པ་བཅས་ཁྱོན་བསྡོམས་སྐུ་ཚབ་ཚོགས་མི་༣༠་ལྷག་ལས་གྲུབ་པའི་སྐུ་ཚབ་ཆོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཕྱི་ཟླ་ ༨ ་ཚེས་ ༢་ཉིན་ཕེབས་འབྱོར་གྱིས་ཕྱི་ཚེས་༣་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཐོག་ཉིན་གུང་གསོལ་ཚིགས་ལྷན་བཞེས་གནང་རྒྱུ་ཡིན་འདུག འདི་ནི་ཕྱི་ལོ་ ༢༠༡༧ ་ལོར་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ད་ལྟའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མའི་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ལར་འཚམས་གཟིགས་གནང་རྗེས་ཀྱི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་འཚམས་གཟིགས་ཆེ་ཤོས་དེ་ཆགས་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོས་ཚོགས་ཀྱི་འཐུས་མི་དེ་དག་ཨིན་ཌུ་ནེ་ཤི་ཡར་འཚམས་གཟིགས་གྲུབ་རྗེས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་སྐབས། ལྡི་ལིར་བཅའ་ཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་ཡང་ལྷན་བཅར་ཞུ་རྒྱུ་ཡིན་འདུག་ཅིང་། བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་པར་གཞིགས་ན། གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་དམངས་སྤྱི་འཐུས་ཀྱི་ཚོགས་གཙོ་ཚོགས་གཞོན་རྣམ་པ་ཡང་མཇལ་འཕྲད་གནང་རྒྱུ་ཡིན་འདུག
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཕྱི་ཟླ་ ༨ ཚེས་ ༤ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཕེབས་ཐོན་གནང་རྒྱུ་ཡིན་པ་དང་། ད་རེས་ཁོང་རྣམས་དང་ལྷན་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱང་ལྷན་བཅར་ཞུ་རྒྱུ་ཡིན་པ་རེད།