ཨ་རིའི་གྲོས་ཚོཊ་ཀྱི་ཆེས་མཐོའི་སྐུ་ཚབ་རྡ་སར་ཕེབས་འབྱོར་གནང་འདུག
2017.05.09
ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པེ་ལི་སིས་དབུ་ཁྲིད་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་འདི་ཚེས་༩་གཟའ་མིག་དམར་ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་འདུག
ཁོང་རྣམ་པ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་རྡ་རམ་ས་ལའི་གནམ་ཐང་དུ་ཕེབས་འབྱོར་སྐབས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམ་པས་ཕེབས་བསུ་ཞུས་ཤིང་། དེ་རྗེས་ཐད་ཀར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕོ་བྲང་དུ་ཆེད་ཕེབས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཉིན་གུང་ལྗགས་སྨིན་ལྷན་བཞེས་དང་མཇལ་འཕྲད་བཀའ་བསྡུར་ཞུས་ཡོད་པ་རེད།
ལྕམ་ནེན་སི་པེ་ལོ་སིས་དབུ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེ་ད་རེས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་པ་འདིས། བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་རྒྱུ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། བོད་མི་ཚོར་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་འགྱུར་བ་མེད་པའི་རྒྱབ་སྐྱོར་ཡོད་པའི་མཚོན་དོན་གལ་ཆེ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ལྕམ་Nancy Pelosi མཆོག་གིས་ང་ཚོ་སྐུ་ཚབ་ཚོས་ཡིད་ཆེས་དང་ཞི་བདེའི་ཀུན་སློང་འཁྱེར་བའི་ཐོག་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་ཆེད་དུ་ཡོང་བ་ཡིན་ལ། ང་ཚོ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པར་ཡིད་རངས་ཤིང་། ང་ཚོའི་ངོས་ནས་བོད་མི་དམངས་དང་ཁོང་ཚོའི་དད་པ། རིག་གཞུང་། ཁོང་ཚོའི་སྐད་ཡིག་བཅས་པར་རྒྱབ་སྐྱོར་ཡོད་པ་སྟོན་ཆེད་ཡོང་བ་ཡིན་ཞེས་ཀྱང་གསུངས་འདུག
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་མཁན་གྱི་ཁོངས་སུ། ཕྱི་ལོ་ ༢༠༡༥ ལོར་ལྕམ་ནེན་སི་པེ་ལོི་སི་དང་ལྷན་དུ་བོད་དུ་ཕེབས་མཁན་གྲོས་ཚོགས་འཐུས་མི་(Jim McGovern)དང་། Betty McCollum, Joyce Beatty བཅས་ཀྱང་ཡོད་ཅིང་། དེའི་ཁར་གྲོས་ཚོགས་འོག་མའི་འཐུས་མི་ Jim Sesenbrenner དང་། Elio Engle, Judy Chu དང་ Prammila Jayapal ཡོད་པ་རེད།
ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་ཀ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་དེའི་ལྷན་དུ་ཁོང་རྣམ་པའི་ལས་བྱེད་པ་དང་བཟའ་ཟླ་སོགས་ཀྱང་ལྷན་ཕེབས་གནང་འདུག
འདི་ཚེས་༩་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་སྐབས་སྐུ་ཚབ་རྣམ་པ་ཉེ་ཆར་ཇར་མན་དུ་ཕེབས་སྐབས་ཇར་མན་གཞུང་འབྲེལ་མི་སྣ་དང་ལྷན་དུ་བོད་དོན་བཀའ་བསྡུར་བྱུང་བ་དང་། དེ་བཞིན་བལ་ཡུལ་དུ་འཚམས་གཟིགས་སྐབས་བལ་ཡུལ་ནང་གནས་སྡོད་བོད་མིའི་གནས་བབས་སྐོར་བཀའ་བསྡུར་བྱུང་བ་སོགས་སྙན་སྒྲོན་ཞུས་གནང་པར་མ་ཟད། ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་གྲོས་འཆར་བཏོན་པའི་ནང་དོན་ཁག་སོགས་ཞིབ་ཕྲ་སྙན་སྒྲོན་ཞུས་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་རྣམ་པར། བོད་དོན་ལ་རྒྱབ་སྐྱོར་བྱེད་བཞིན་པ་དེ་ནི་རང་གཞན་རྒྱལ་ཕམ་གྱི་གནད་དོན་ཞིག་མིན་པར། བོད་ཀྱི་ནང་ཆོས་རིག་གཞུང་ནི་བྱམས་བརྩེ་འཕེལ་རྒྱས་གཙོ་བཟུང་གིས་འཛམ་གླིང་སྤྱིར་ཕན་ནུས་འདྲེན་པ་ཞིག་ཡིན་སྟབས། དེ་སྲུང་སྐྱོབ་བྱ་རྒྱུ་དང་དེ་དང་འབྲེལ་བའི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ནི་འཛམ་གླིང་གི་ཁྱད་ནོར་སྲུང་སྐྱོབ་བྱེད་པ་ཞིག་ཡིན་པ་བཀའ་གནང་པ་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་སྤྱི་དང་ལྷག་པར་དུ་བོད་ནས་རྒྱུག་པའི་གཙང་ཆུ་སྲུང་སྐྱོབ་བྱ་རྒྱུ་ཡང་འཛམ་གླིང་མི་དམངས་ས་ཡ་མང་པོའི་བདེ་འཇགས་དང་འབྲེལ་བ་ཡོད་པ་ཡིན་པ་སོགས་ངོ་སྤྲོད་གནང་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་དུས་ཡུན་ཚོུད་ ༢ དང་ཕྱེད་ཀ་ཙམ་གྱི་མཇལ་མོལ་གྲུབ་རྗེས། སྐུ་ཚབ་རྣམ་པ་ཉིན་རྒྱབ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭར་གཟིགས་སྐོར་གནང་འདུག་ཅིང་། དེའི་རྗེས་བཀའ་ཤག་གི་ཚོགས་ཁང་ནང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་ཚོགས་གཙོ་ཚོགས་གཞོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་དང་ལྷན་ཚོགས་ཐོག་ཚོགས་ཞུགས་གནང་འདུག
ཕྱི་དྲོ་བོད་གཞུང་ཟློས་གར་རུ་བཀའ་ཤག་གི་གསོལ་ཚིགས་འདེགས་འབུལ་ཞུས་པའི་རྗེས། ཁོང་རྣམ་པར་བོད་ཀྱི་ཟློས་གར་དང་རོལ་དབྱངས་གཟིགས་འབུལ་ཞུས་ཡོད་པ་རེད།
སང་ཉིན་གཟའ་ལྷག་པ་ཕྱི་ཚེས་ ༡༠ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ། བོད་མིའི་སྒྲིག་འཛུགས་གཞུང་དམངས་གཉིས་ཀྱིས་ཁོང་རྣམ་པར་དགའ་བསུའི་སྣེ་ལེན་གྱི་མཛད་སྒོ་རྒྱས་པོ་ཞིག་གནང་རྒྱུ་ཡིན་འདུག་ཅིང་། དེ་གྲུབ་པའི་རྗེས་སྐུ་ཚབ་རྣམ་པ་རྡ་ས་ནས་ཕེབས་ཐོན་གནང་རྒྱུ་ཡིན་འདུག།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས་དང་། གུ་རུ་ཆོས་སྐྱིད།