ཨ་རི་གཞུང་གི་མི་གྲངས་དང་སྐྱབས་བཅོལ། གནས་སྤོ་བཅས་ཀྱི་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་རྡ་རམ་ས་ལར་འཚམས་གཟིགས་གནང་འདུག
ཉེ་ལམ་ཟླ་འདིའི་ཕྱི་ཚེས་༧དང་༨ཉིན་གཉིས་ཀྱི་རིང་། ཨ་རིའི་གཞུང་གི་གྲངས་འབོར་དང་སྐྱབས་བཅོལ། གནས་སྤོ་བཅས་ཀྱི་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་དང་། དེ་ནི་ཚོགས་ཆུང་དེས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་འཚམས་གཟིགས་གནང་བ་ཐོག་མ་ཡིན་པ་རེད། སྐུ་ཚབ་ཚོགས་ཆུང་དེའི་ནང་ལྷོ་ཨེ་ཤེ་ཡའི་སྐྱབས་བཅོལ་འབྲེལ་མཐུད་པ་(Sydney A. Skov)་ལགས་དང་། རྒྱལ་ས་ལྡི་ལིའི་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་(Anne Kristine Thrift)་ལགས། བལ་ཡུལ་གྱི་ཨ་རིའི་གཞུང་ཚབ་ཁང་གི་ས་གནས་སྐྱབས་བཅོལ་སྡེ་ཚན་གྱི་ལས་བྱེད་པདྨ་བསྟན་འཛིན་ལགས་བཅས་ཕེབས་ཡོད་པ་དང་། སྐབས་དེར་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་འཆར་འགན་འཛིན་ཚེ་རིང་ལགས་ཀྱིས་ཨ་རི་གཞུང་གི་གྲངས་འབོར་དང་། སྐྱབས་བཅོལ། གནས་སྤོ་བཅས་ཀྱི་ལས་ཁུངས་ཀྱི་རོགས་སྐྱོར་འོག་ཡོད་པའི་འཕྲོད་བསྟེན་དང་འབྲེལ་བའི་ལས་དོན་ཁག་ངོ་སྤྲོད་གནང་ཡོད་པ་རེད།
འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་གཡུ་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ལྷོ་ཨེ་ཤེ་ཡའི་སྐྱབས་བཅོལ་འབྲེལ་མཐུད་པ་(Sydney A. Skov)་ལགས་ཉེ་ཆར་གསར་དུ་བསྐོ་བཞག་བྱུང་བ་ཡིན་པ་ལྟར། བོད་མི་སྒྲིག་འཛུགས་གཙོས་པའི་ས་ཆ་མང་དག་ཞིག་ལ་གནས་ཚུལ་རྒྱུས་ལོན་ཆེད་འཚམས་གཟིགས་ཕེབས་བཞིན་པ་ཡིན་འདུག
ཨ་རིའི་(Population, Refugees, and Migration PRM)་ཞེས་གཞུང་གི་མི་གྲངས་དང་སྐྱབས་བཅོལ། གནས་སྤོ་བཅས་ཀྱི་ལས་ཁུངས་ཀྱི་ངོས་ནས་བཙན་བྱོལ་ནང་ཡོད་པའི་ཉམས་ཐག་རྣམས་ལ་སྨན་བཅོས་དང་སེམས་ཁམས་འཕྲོད་བསྟེན་སོགས་ཀྱི་ལས་གཞི་མང་པོ་ཞིག་ལ་རོགས་སྐྱོར་གནང་གི་ཡོད་པ་དང་། ཚོགས་ཆུང་དེས་བོད་མིའི་སྦིར་གཞིས་ཆགས་ལ་འཚམས་གཟིགས་གནང་ཡོད་པ་དང་། རིམ་པས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལ་འཚམས་གཟིགས་གནང་རྒྱུ་ཡིན་འདུག
གསར་འགོད་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།