ཨ་རིའི་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལ་དམིགས་བསལ་བཅར་འདྲི།

2020-10-16
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལ་དམིགས་བསལ་བཅར་འདྲི། ༡༠།༡༦།༢༠༢༠
ཨ་རིའི་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལ་དམིགས་བསལ་བཅར་འདྲི། ༡༠།༡༦།༢༠༢༠
སྒྲིག་བཟོ། ནོར་སྡེ་སྒྲོལ་མ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།  ཨ་རིའི་བོད་དོན་ཆེད་ཀྱི་དམིགས་བསལ་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་བོད་ཀྱི་གནད་དོན་གང་གི་ཐད་གཙོ་བཟུང་དགོས་པ་གཟིགས་ཀྱི་ཡོད་དམ། ཕྱག་ལས་དང་པོ་ག་རེའི་ཐོག་གནང་རྩིས་ཡོད།

དམིགས་བསལ་སྐུ་ཚབ།        ངས་ང་ཚོས་བྱེད་དགོས་པའི་ལས་དོན་གལ་ཆེན་གཉིས་ཡོད་པ་བསམ་གྱི་ཡོད།  དང་པོ་ནི། བོད་མིའི་སྤྱི་ཚོགས་དང་དེ་བཞིན་བློ་མཐུན་གཞུང་དང་ཚོགས་སྡེ་འདྲ་མིན་ཁག་དང་མཉམ་དུ་བོད་མི་དང་ཏཱ་ལའི་བླ་མ་མཆོག་གི་དགོངས་པར་རྒྱབ་སྐྱོར་འཕེལ་ཐབས་བྱ་རྒྱུ་དེ་ཡིན་ཞིང་། དེ་དག་སྒྲུབ་པར་བྱེད་རྒྱུར་ངའི་ངོས་ནས་ཕན་ཚུན་འབྲེལ་མཐུད་ཀྱིས་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་ཆོས་ལུགས་དང་རིག་གཞུང་། སྐད་ཡིག་གི་ངོ་བོའི་ཐད་རྒྱབ་སྐྱོར་ཐོབ་ཐབས་བྱེད་དགོས་རྒྱུ་དེ་རེད། གཉིས་པ་ནི། ཕྱོགས་མཚུངས་བོད་མི་སྐྱབས་བཅོལ་བ་ཚོའི་དགོས་མཁོ་ལ་གཞིགས་ཏེ་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་གཏོང་ཐུབ་མིན་ལྟ་རྒྱུ་དེ་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།  ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་ཕྱི་སྲིད་དྲུང་ཆེ་པོམ་པེའོ་མཆོག་གིས་ཁྱེད་ཀྱི་བསྐོ་བཞག་གསལ་བསྒྲགས་གནང་སྐབས། ཁྱེད་ཀྱི་ལས་དོན་གཙོ་བོ་ཞིག་ནི་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་རྒྱ་ནག་གཞུང་དབར་གྲོས་མོལ་འབྱུང་ཐབས་གནང་རྒྱུ་དེ་ཡིན་པ་གསུངས་ཡོད། ༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་དཔོན་རིགས་དབར་གྱི་ཐད་ཀར་གྱི་འབྲེལ་མོལ་དེ་ཕྱི་ལོ་ ༢༠༠༩ ལོར་མཚམས་ཆད་ཅིང་།  ཁྱེད་ཀྱི་ངོས་ནས་གྲོས་མོལ་དེ་སླར་གསོ་གང་འདྲ་སེ་ཡོང་ཐུབ་རྒྱུར་གཟིགས་ཀྱི་ཡོད་དམ། འདས་པའི་ལོ་བཅུ་ལྷག་བར་མཚམས་ཆད་པའི་འབྲེལ་མོལ་དེ་སླར་གསོ་ཐུབ་རྒྱུར་ཁྱེད་ལ་གདེང་ཚོད་ཇི་ཙམ་ཡོད་དམ།

དམིགས་བསལ་སྐུ་ཚབ།  དྲི་བ་འདིའིལན་ཐུང་ཐུང་ཞིག་ཞུས་ན། གྲོས་མོལ་སླར་གསོའི་བྱེད་ཐབས་འདི་ནི་གདོང་ལེན་དཀའ་བའི་གནད་དོན་ཞིག་རེད། དུས་ཚོད་ཐུང་ངུ་ཞིག་གི་ནང་གྲོས་མོལ་ཞིག་འགོ་འཛུགས་ཐུབ་རྒྱུར་ངས་དེ་ཙམ་གྱི་རེ་བ་བྱེད་ཀྱི་མེད། འོན་ཀྱང་གནད་དོན་འདིའི་ཐད་སྒོ་གང་ས་ནས་ཐབས་ལམ་འཚོལ་རྒྱུ་ཡོད་པ་ཞིག་རེད། གྲོས་མོལ་འདི་ངེས་པར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཐད་ཀར་བརྒྱུད་ནས་ཡོང་དགོས་དོན་མེད་ལ། དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ཕྱི་སྲིད་ལས་ཁུངས་བརྒྱུད་ཡོང་ཐུབ་ཡག་ཞིག་མ་རེད། དམིགས་ཡུལ་ངོ་མ་ནི་ཁོང་ཚོའི་དབར་ཐད་ཀར་སྐད་ཆ་ཤོད་ཐུབ་པ་བཟོ་རྒྱུ་དེ་ཡིན་ནའང་། དྲི་བ་ནི་རྒྱ་ནག་གཞུང་ངམ་རྒྱ་ནག་དམར་ཤོག་ཚོགས་པས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་བའི་ཐོབ་ཐང་ཡང་ཁོང་ཚོར་ཡོད་པར་ཡིད་ཆེས་བྱེད་བཞིན་དུ་་(གྲོས་མོལ་སྐོར་གང་འདྲ་སེ) ལས་ཀ་བྱེད་དགོས་ཀྱི་རེད་ཟེར་བ་དེ་རེད། ཧ་ཅང་བྱེད་ཁག་པོ་ཞིག་རེད། དེར་བརྟེན་ངས་རེ་བ་བྱེད་ཀྱི་མེད། འོན་ཀྱང་འདི་ནི་ངས་ཐབས་ཤེས་བྱེད་ཀྱི་མིན་ཟེར་བའི་གོ་དོན་ཞིག་མ་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།  རེ་བ་འབྱུང་རྒྱུར་ཁྱེད་ནས་གོམ་པ་ག་རེ་སྤོ་གནང་རྩིས་ཡོད་དམ།

དམིགས་བསལ་སྐུ་ཚབ།         རེ་བ་ཡོད་པ་བཟོ་རྒྱུ་ནི་དངོས་ཡོད་ཀྱི་གནས་སྟངས་ལ་རག་ལུས་པ་ཞིག་རེད། རྒྱ་ནག་དམར་ཤོག་ཚོགས་པས་བོད་དང་བོད་མིའི་ཐོག་བཟུང་བཞིན་པའི་བསམ་བློའི་འཁྱེར་སོའི་ཐད་ང་ལ་འཁྲུལ་སྣང་གང་ཡང་མེད། དེར་བརྟེན་བོད་ནང་དང་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོ་ཡུན་གནས་དགོས་རྒྱུར་དོན་གཉེར་ཡོད་མཁན་བོད་མིའི་སྤྱི་ཚོགས་དང་དབུས་བོད་མིའི་སྒྲིག་འཛུགས། བཙན་བྱོལ་ནང་གི་བོད་མི་དང་། དེ་བཞིན་དོནགཉེར་གཅིག་མཚུངས་ཡོད་མཁན་སྲིད་གཞུང་ཁག་དང་གོ་བསྡུར་ལན་མང་བྱེད་དགོས་ཀྱི་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།  ཁྱེད་ཀྱིས་མཁྱེན་གསལ་ལྟར། ༢༠༢༠ ལོའི་བོད་ཀྱི་སྲིད་ཇུས་ཐད་ཀྱི་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཐག་གཅོད་མ་བྱུང་བར་གནས་ཡོད། ཁྲིམས་འཆར་འདི་མགྱོགས་མྱུར་གཏན་འབེབས་ཡོང་ཐབས་སུ་འབད་བརྩོན་གནང་རྩིས་ཡོད་དམ།

དམིགས་བསལ་སྐུ་ཚབ། ཕྱི་སྲིད་ལས་ཁུངས་ནི་འཛིན་སྐྱོང་སྡེ་ཚན་གྱི་ཆ་ཤས་ཤིག་རེད། འདིའི་ཐད་དམིགས་བསལ་ལངས་ཕྱོགས་ཞིག་ད་བར་གསལ་སྟོན་བྱས་མེད། ཕལ་ཆེར་དུས་ཚོད་འོས་འཚམས་ཤིག་ལ་ང་ཚོས་འདིའི་ཐད་ཞིབ་ཚགས་ཙམ་ལྟ་གི་རེད། ད་ལྟའི་སྐབས་དོ་སྣང་བྱེད་པ་ཙམ་ལས་ཐེ་གཏོགས་བྱ་རྩིས་མེད་ཀྱང་། (གྲོས་ཚོགས་གོང་མའི་ནང་) ལས་འཆར་འགྲོ་སྐབས་དོ་སྣང་ཆེ་ཙམ་བྱེད་ཀྱི་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།  ཁྱེད་རྡ་རམ་ས་ལར་ཕེབས་རྒྱུ་དང་༧གོང་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་མཇལ་རྒྱུ་དགོངས་བཞེས་གནང་རྒྱུ་ཡིན་ནམ།

དམིགས་བསལ་སྐུ་ཚབ།         ཡིན་དང་ཡིན།  དེ་ལྟར་འབྱུང་རྒྱུ་ནི་ངའི་མི་ཚེའི་ནང་གི་ཆེ་མཐོང་ཆེ་ཤོས་དེ་ཆགས་ཀྱི་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།   རྒྱ་ནག་གིས་འཛམ་གླིང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་དབང་ཚད་རྒྱ་ནག་དམར་ཤོག་ཚོགས་པར་ཡོད་པ་བརྗོད་བཞིན་ཡོད་པས། འདིའི་ཐད་ཁྱེད་ཀྱི་གཟིགས་ཚུལ་ཇི་འདྲ་ཡིན་ནམ།

དམིགས་བསལ་སྐུ་ཚབ།         རེད། རྒྱ་ནག་དམར་ཤོག་ཚོགས་པས་ཆོས་ལུགས་ཤིག་གི་དབུ་ཁྲིད་གང་དུ་འཁྲུངས་མིན་དང་གནས་སྟངས་གང་གི་འོག་ངོས་འཛིན་བྱེད་ཆོག་མིན་བརྗོད་བཞིན་པ་དེ་ནི་དངོས་གནས་ཧང་སངས་དགོས་པ་ཞིག་རེད། གཞུང་ཞིག་གི་འགོ་ཁྲིད་སུ་འདྲ་ཞིག་གིས་ཀྱང་ཆོས་ལུགས་ཀྱི་དབུ་ཁྲིད་ཞིག་ལ་ཆོས་ལུགས་ཀྱི་ལས་དོན་སྟངས་འཛིན་བྱེད་པ་ནི་ཁེངས་དྲེགས་ཚད་ལས་བརྒལ་བ་ཞིག་རེད་ལ། འདི་ནི་གཞི་རྩའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རང་བཞིན་དང་ཡོངས་སུ་མི་མཐུན་པ་ཞིག་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།  མཁྱེན་གསལ་ལྟར་རྒྱ་ནག་གི་གྲོང་ཁྱེར་ཁྲེན་ཏུའི་ཨ་རིའི་ཡན་ལག་གཞུང་ཚབ་ལས་ཁུངས་སྒོ་བརྒྱབ་ཟིན་ཞིང་། ལས་ཁུངས་འདི་ནི་བོད་ཀྱི་ལས་དོན་ཐད་གཟིགས་ཞིབ་གནང་མཁན་གཙོ་བོ་དེ་ཡིན་པ་རེད། ད་ཆ་བོད་དང་འབྲེལ་བའི་ལས་དོན་ཁག་གཉེར་སྟངས་གང་འདྲ་ཡིན་མིན་ཞིག་གསུངས་རོགས་གནང་།

དམིགས་བསལ་སྐུ་ཚབ།         འདི་ནི་དཀའ་ངལ་ཆེན་པོ་ཞིག་རེད། ངོས་རང་ལས་ཀ་འདིའི་ནང་ཞུགས་ནས་ཉིན་གྲངས་འགའ་ཤས་ལས་འགྲོ་གི་མེད་སྟབས། བོད་ནང་གི་གནས་སྟངས་ཇི་ཡིན་ང་ཚོས་ཇི་ཙམ་ཤེས་ཀྱི་ཡོད་མེད་སོགས་རྒྱུས་ལོན་ཆེད་ཡིག་ཆ་མང་པོ་ཞིག་ཀློག་བཞིན་པ་ཡིན། གཞི་རྐང་ང་ཚོས་བོད་ནང་ངལ་རྩོལ་རྭ་བའི་ཛ་དྲག་གི་གནས་སྟངས་ཤེས་རྟོགས་ཡོད་ལ། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་ནང་པ་ཚོར་དྲག་གནོན་ཇི་ཙམ་བྱེད་བཞིན་པ་སོགས་ཐབས་སྡུག་གི་གནས་ཚུལ་ཁག་ཤེས་ཀྱི་ཡོད།  དངོས་སུ་གནས་ལུགས་ཞིབ་རྟོག་བྱེད་རྒྱུ་དེ་ཧ་ཅང་ཁག་པོ་ཆགས་ཡོད། ཡིན་ནའང་། ངའི་ངོས་ནས་སྐབས་བབས་ཀྱི་གནས་ལུགས་གནས་སྟངས་ཇི་ཡིན་རྒྱུས་ལོན་བྱེད་རྒྱུ་དེ་གལ་འགངས་ཆེ་ཤོས་སུ་བརྩི་རྒྱུ་ཡིན་པ་འགན་ལེན་བྱེད་ཆོག སྟབས་མ་ལེགས་པ་ཞིག་ལ། གནས་ཚུལ་རྒྱུད་སྤེལ་གྱི་རང་དབང་མེད་པའི་སྒོ་དམ་པོར་རྒྱབ་པའི་སྤྱི་ཚོགས་ཤིག་ནས་གནས་ཚུལ་འཕྲལ་མར་ཐོབ་རྒྱུ་དེ་ཁག་པོ་ཞིག་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།  ཁ་སང་ཁྱེད་དང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དབར་ཕྱི་སྲིད་ལས་ཁུངས་ནང་མཇལ་འཕྲད་གནང་ཡོད། མཇལ་འཕྲད་གང་འདྲ་བྱུང་ཡོད་དམ། གནད་དོན་ཇི་ཞིག་ཐོག་བཀའ་མོལ་གནང་ཡོད་དམ།

དམིགས་བསལ་སྐུ་ཚབ།         ཁོང་དང་ངེད་གཉིས་དབར་གྱི་བཀའ་མོལ་འདི་ནི་ད་ལྟ་ཁྱེད་དང་ངེད་གཉིས་དབར་བཀའ་མོལ་ཞུ་བཞིན་པའི་ནང་དོན་དང་འདྲ་པོ་རེད། (དཔེར་ན་) བོད་པའི་སྤྱི་ཚོགས་ཁག་དང་འབྲེལ་ལམ་རྒྱ་སྐྱེད་བྱེད་ཐབས་ལྟ་བུ་རེད། ཁོང་ང་ཚོས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཕེབས་རྒྱུར་གདན་འདྲེན་ཞུས་པར་ཁོང་གིས་དགའ་ཚོར་ཆེན་པོ་གནང་གི་འདུག ཁོང་ངེད་གཉིས་ཀྱིས་ཕན་ཚུན་མཉམ་འབྲེལ་གནང་ཕྱོགས་དང་རྡ་རམ་ས་ལའི་སྐོར་སོགས་ཀྱང་བཀའ་མོལ་ཞུས་པ་ཡིན། ཁོང་ངེད་གཉིས་ཀྱི་བཀའ་མོལ་མང་པོ་ཞིག་ད་ལྟ་བཤད་བཞིན་པའི་གནད་དོན་དང་གཅིག་མཚུངས་རེད། ཁོང་དང་མཇལ་འཕྲད་འདི་སྤྲོ་སེམས་འཕེལ་བ་ཞིག་དང་ཕན་ནུས་ལྡན་པ་ཞིག་བྱུང་།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།  མཐའ་མ་དེར་རླུང་འཕྲིན་ཁང་འདི་བརྒྱུད་ཁྱེད་ལ་བོད་ནང་གི་བོད་མི་ཚོར་ག་རེ་གསུང་རྒྱུ་ཡོད་དམ།

དམིགས་བསལ་སྐུ་ཚབ། བརྡ་ལན་གལ་ཆེ་ཤོས་ནི་ང་ཚོ་བསམ་པའི་ཐོག་ནས་ཁྱེད་རང་ཚོ་དང་མཉམ་དུ་ཡོད་ཟེར་རྒྱུ་དེ་ཡིན། ང་ཚོས་ཁྱེད་ཚོར་སྨོན་ལམ་བརྒྱབ་ཀྱི་ཡོད་ལ། རྒྱབ་སྐྱོར་ཡང་ཡོད། ང་ཚོའི་ནུས་པ་ཇི་ཡོད་ཀྱི་ཐོག་ནས་རྒྱ་ནག་དང་ཏཱ་ལའི་བླ་མ་མཆོག་གི་དབར་གྲོས་མོལ་འབྱུང་ཐབས་ལ་སྐུལ་མ་བྱེད་ཀྱི་ཡིན་ལ། ང་ཚོའི་ངོས་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གཏིང་ཟབ་ཡོད། ང་ཚོས་གང་ཡོང་ཡོང་བྱེད་རྒྱུ་ཡིན་པས་གནས་ཚུལ་ཇི་ཆགས་ལྟ་རྒྱུ་རེད། ངས་ཏཱ་ལའི་བླ་མཆོག་གིས་ཁྱེད་ཚོར་ཐུགས་སྨོན་གནང་གི་ཡོད་པ་ཤེས་ཀྱི་ཡོད་ལ། ངས་ཀྱང་ཁོང་དང་ལྷན་དུ་ཁྱེད་ཚོར་ཐུགས་སྨོན་ཞུ་གི་ཡིན།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།  ང་ཚོར་བཀའ་མོལ་གནང་པར་ཐུགས་རྗེ་ཆེ།

དམིགས་བསལ་སྐུ་ཚབ།  ཁྱེད་དང་བཀའ་མོལ་ཞུ་རྒྱུ་བྱུང་བར་དགའ་པོ་བྱུང་།

མཆན། (0)
Share
དྲ་གནས་ཆ་ཚང༌།