ཨ་མི་རི་ཀས་རྒྱ་ནག་གཞུང་ལ་བོད་ཐོག་འཛིན་པའི་སྲིད་བྱུས་ཐད་སྐྱོན་བརྗོད།

2020-01-01
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀས་རྒྱ་ནག་གཞུང་ལ་བོད་ཐོག་འཛིན་པའི་སྲིད་བྱུས་ཐད་སྐྱོན་བརྗོད།
ཨ་མི་རི་ཀས་རྒྱ་ནག་གཞུང་ལ་བོད་ཐོག་འཛིན་པའི་སྲིད་བྱུས་ཐད་སྐྱོན་བརྗོད།
Reuters

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ མཡེཀ་པོམ་པི་ཡོ་ མཆོག་གིས་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ཐོག་འཛིན་པའི་སྲིད་བྱུས་དང་བྱ་སྤྱོད་ལ་སྐྱོན་བརྗོད་གནང་བ་དང་།  རྒྱ་ནག་གཞུང་གིས་རྒྱ་ནག་གི་མི་སེར་ཚོས་སོ་སོའི་གཞུང་དང་རྒྱལ་ཁབ་ལ་ཡོད་པའི་ཡིད་ཆེས་བྱེད་བཞིན་པ་དང་རང་གི་རིག་གཞུང་དེ་དག་ནག་སུབ་ཏུ་གཏོང་ཐབས་བྱེད་བཞིན་ཡོད་པ་ཊུ་ཊར་ (Twitter) དྲ་ལམ་ཐོག་བཀོད་གནང་འདུག ཕྱི་ལོ་ ༢༠༡༩ ནང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཆེ་ཤོས་གཉིས་ཏེ་ཨ་མ་རི་ཀ་དང་རྒྱ་ནག་གཉིས་ཀྱི་དབར་ལ་དཔལ་འབྱོར་དང་ཆབ་སྲིད་གང་གི་ཆ་ནས་ཕན་ཚུན་འགྲན་བསྡུར་དང་སྐབས་རེ་ཕན་ཚུན་སྡིགས་བསྐུལ་ཡང་བྱེད་རེས་བྱས་ཡོད་པ་དང་། ལྷག་པར་འདས་ལོའི་ནང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་འཛིན་ཕྱོགས་ཐད་ཨ་མི་རི་ཀའི་འགོ་ཁྲིད་དང་གནད་ཡོད་མི་སྣ་མང་པོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པའི་ནང་། ༢༠༡༩ ཕྱི་ཟླ་༡༢ ཚེས་ ༢༩ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པི་ཡོ་ (Mike Pompeo) མཆོག་གིས་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ཐོག་འཛིན་པའི་སྲིད་བྱུས་དང་བྱ་སྤྱོད་ཐད་རྒྱ་ནག་ལ་སྐྱོན་བརྗོད་བྱས་པ་འདི་ནི་ལོ་མཇུག་གི་སྐྱོན་བརྗོད་བསྒྲགས་གཏམ་ཞིག་ཏུ་གྱུར་ཡོད་པ་རེད་ལ།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་སྲིད་སྐྱོང་གི་ཊུ་ཊར་ དྲ་ལམ་ཐོག་བཀོད་གནང་ཡོད་ཀྱང་།  ཨ་རིའི་ཕྱི་སྲིད་དྲུང་ཆེའི་སྐྱོན་བརྗོད་འདི་ཐོན་མ་ཐག་  ༢༠༡༩ ཕྱི་ཟླ་༡༢ ཚེས་༣༠ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་Gen Shuang གིས་དེང་སྐབས་རྒྱ་ནག་གཞུང་གིས་བོད་དང་ཤིན་ནང་ཡར་རྒྱས་ཤུགས་ཆེ་བཏང་ཡོད་པ་དང་།  དེ་ཁུལ་གྱི་མི་མང་ཚོར་ཆོས་དད་རང་དབང་ཡོད་ལུགས་བརྗོད་དེ་ཨ་མ་རི་ཀ་ཡིས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་མི་བྱེད་པའི་ནན་སྐུལ་ཞུ་རྒྱུ་ཡིན་ཞེས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བརྗོད་འདུག ཡང་རྒྱ་ནག་གཞུང་གིས་ཁ་ཆེ་ཚུད་པའི་ཡུ་གུར་མི་རིགས་དང་ཆོས་ལུགས་སྡེ་ཁག་གི་གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་ཇེ་ཆེར་ཡོང་སླད་ཁ་ཆེའི་གསུང་རབ་ (ཀོ་རཱཎ་) དང་ཡི་ཤུའི་གསུང་རབ་ སྦཡེ་སྦལ་ བཅས་པ་རྒྱ་ནག་གཞུང་གི་བསྐྱར་དུ་བྲིས་ཏེ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྐོར་སྣོན་འཇོག་བྱ་འཆར་ཡོད་པ་ཉེ་ལམ་གནས་ཚུལ་ཐོན་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱ་ནག་གི་ཆབ་སྲིད་ཐོག་ཉམས་ཞིབ་གནང་མཁན་བསྟན་འཛིན་ཚེ་བརྟན་ལགས་ཀྱིས། དེང་སྐབས་རྒྱ་ནག་གཞུང་གིས་སོ་སོའི་མི་མང་ཚོས་སར་ནས་རྒྱ་ནག་དམར་ཤོག་ཚོགས་པར་ཡིད་ཆེས་སླེབས་ཐུབ་ཐབས་སུ།  མི་མང་གི་ལྟ་བ་དང་བསམ་བློ་བསྒྱུར་ཐབས་ཆེད་སློབ་གསོ་སོགས་ཐབས་ཤེས་སྣ་ཚོགས་སྤེལ་བཞིན་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།

༢༠༡༩ ཟླ་ ༥ པའི་ནང་ཡང་རྒྱ་ནག་པེ་ཅིན་དུ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་ (Terry Branstad) ཊེ་རི་ སྦརེཎྶྀཊཌ་ མཆོག་ ༢༠༡༩ ཕྱི་ཟླ་ ༥ པའི་ནང་བོད་དུ་འཚམས་གཟིགས་གནང་ཞིང་། ཁོང་གིས་རྒྱ་ནག་གཞུང་གི་མཐོ་གྲས་དཔོན་རིགས་ལ་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཡང་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཞིག་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་ཅིང་།  ཨ་རིའི་གཞུང་ཚབ་ཆེན་མོ་ (Terry Branstad) ཊེ་རི་ སྦརེཎྶྀཊཌ་མཆོག་ ༢༠༡༨ ལོར་ཨ་རིའི་གཞུང་གིས་བོད་དུ་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཁྲིམས་ཡིག་གཏན་འབེབས་གནང་བའི་རྗེས་བོད་དུ་ཕེབས་མཁན་གྱི་ཨ་རིའི་དཔོན་རིགས་མཐོ་ཤོས་དེ་ཆགས་ཡོད་པ་རེད།

 

མཆན། (0)
Share
དྲ་གནས་ཆ་ཚང༌།