པཎ་ཆེན་གློད་གྲོལ་དགོས་པའི་སྨོན་ཚིག་བསྒྲགས་པ་ལ་བརྟེན་བོད་མི་གཞོན་སྐྱེས་གསུམ་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་།
2019.04.30
ན་གཞོན་དབང་ཆེན་ལགས་ཀྱིས་པཎ་ཆེན་ཡང་སྲིད་རིན་པོ་ཆེ་གློད་གྲོལ་ཡོང་བ་དང་རྒྱལ་བ་པཎ་ཆེན་རྣམ་གཉིས་བོད་ལ་འཛོམས་པར་ཤོག་ཞེས་སྨོན་ཚིག་བསྒྲགས་པར་བརྟེན་རྒྱ་ནག་གི་ཉེན་རྟོག་པས་བོད་མི་གསུམ་འཛིན་བཟུང་བྱས་འདུག
དེ་ཡང་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཧྲེ་ཆུས་རྫོང་སེར་ཤུལ་ཆུས་ཁུལ་དུ་ཕྱི་ཟླ་བཞི་པའི་ཚེས་༢༩ ཞོགས་པར་བོད་མི་ཁག་ཅིག་གིས་སེར་ཤུལ་དགོན་པའི་རྒྱབ་རིའི་སྟེང་བསང་གསོལ་གཏོང་བའི་སྐབས་སེར་ཤུལ་ཆུས་ཀྱི་ནང་གནས་སྡོད་པ་དབང་ཆེན་ལགས་ཀྱིས་རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་གཏོང་དགོས་པ་དང་། རྒྱལ་བ་པཎ་ཆེན་རྣམ་གཉིས་བོད་ནང་ལྷན་འཛོམས་ཡོང་བར་ཤོག་ཅེས་པའི་སྨོན་ཚིག་བསྒྲགས་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་དབང་ཆེན་ལགས་དང་། རོགས་པ་བློ་བཟང་ལགས། ཡོན་ཏན་ལགས་བཅས་གསུམ་འཛིན་བཟུང་བྱས་པའི་ཐོག་ངག་ལྐུག་པ་ཞིག་ཀྱང་འཛིན་བཟུང་བྱས་ཡོད་པ་མིང་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད་པ་རེད། གནས་ཚུལ་འགྲེལ་བརྗོད་བྱུང་བར་གཞིགས་ན། སྐབས་དེར་དབང་ཆེན་ལགས་མ་གཏོགས་གཞན་སུས་ཀྱང་སྨོན་ཚིག་སྒྲགས་མེད་ནའང་དབང་ཆེན་གྱི་རོགས་པ་ཡིན་པའི་རྒྱུ་མཚན་གྱིས་འཛིན་བཟུང་བྱས་པ་ཞིག་ཡིན་འདུག་ཅིང་། ངག་ལྐུག་པ་དེ་གློད་གྲོལ་བཏང་ཟིན་པ་མ་གཏོགས་
དབང་ཆེན་རང་ཉིད་དང་བློ་བཟང་། ཡོན་ཏན་བཅས་མི་གསུམ་པོ་མུ་མཐུད་བཀག་ཉར་ཐོག། ཉི་མ་བཅོ་ལྔའི་ནང་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་བཤད་ཡོད་པ་རེད་འདུག