སྲིད་སྐྱོང་མཆོག་གིས་རྒྱབ་ཤ་དཀར་པོའི་དཔེ་དེབ་དབུ་འབྱེད།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གིས་བོད་ནང་རང་ལུས་མེར་བསྲེགས་བྱུང་རྐྱེན་སྐོར་ལ་གཞུང་འབྲེལ་རྒྱབ་ཤ་དཀར་པོའི་དེབ་ཅིག་སྲིད་སྐྱོང་མཆོག་གིས་དབུ་འབྱེད་གནང་འདུག

སྲིད་སྐྱོང་གིས་རྒྱབ་ཤ་དཀར་པོའི་དཔེ་དེབ་དབུ་འབྱེད།
སྲིད་སྐྱོང་གིས་རྒྱབ་ཤ་དཀར་པོའི་དཔེ་དེབ་དབུ་འབྱེད།

དེ་ཡང་དཔེ་དེབ་དབུ་འབྱེད་ཀྱི་ཐོག་མར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བརྗོད་དོན། ༢༠༠༩་ནས་བཟུང་དུ་ད་ལྟའི་བར་བོད་ཀྱི་ས་ཁུལ་ཁྱོན་ཡོངས་སུ་བོད་མི་བརྒྱ་མ་ཟིན་ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་བསྟན་ཡོད་པ་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མི་རྣམས་ལ་ཉེན་ཚབ་ཚེ་བའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་སྔ་རྗེས་བར་གསུམ་དུ་འབོད་སྐུལ་ཞུས་དང་ཞུ་མུས་ཡིན་ནའང༌། རྒྱ་ནག་གིས་བོད་ཐོག་འཛིན་པའི་ཆེས་མཁྲེགས་འཛིན་དང་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་བརྟེན་ནས། བོད་ནང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཤུགས་ཆེ་རུ་ཕྱིན་ཏེ། ད་ཆ་ཆེས་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་ཅིང༌། རང་ལུས་མེར་བསྲེགས་བཏང་གནང་མཁན་མང་ཆེ་བས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་དང༌། བོད་ལ་རང་དབང་དགོས་པའི་འབོད་སྒྲོག་པ་རྒྱལ་སྤྱིའི་ནང་ཡོངས་གྲགས་སུ་གྱུར་ཡོད་ཅེས་དང་། མུ་མཐུད་གསུང་དོན། གཞིས་ལུས་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་འདི་འདྲ་སྤེལ་དགོས་དོན་གཙོ་བོ་ནི། འདས་པའི་མི་ལོ་༦༠ལྷག་གི་རིང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ཐུག་ཡོད་པ་དང༌། མདོར་བསྡུས་ན་རྒྱ་ནག་གིས་བོད་ནང་སྤེལ་བའི་ཆབ་སྲིད་ཀྱི་བཙན་གནོན་དང་རིག་གཞུང་རྩ་གཏོར། སྤྱི་ཙོགས་དབྱེ་འབྱེད། དཔལ་འབྱོར་བཤུ་གཞོག། ཁོར་ཡུག་གཏོར་བཤིག་སོགས་ལས་བྱུང་བའི་གནད་དོན་འཁོད་ཡོད་སྐོར་གསུངས་འདུག།

དེའི་རྗེས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། འདས་པའི་ལོ་གཉིས་ཀྱི་ནང་དམིགས་བསལ་བོད་ནང་རང་ལུས་མེར་བསྲེགས་ཤུགས་ཆེ་བྱུང་བ་ལ་བརྟེན། རྒྱ་ནག་གཞུང་གིས་ཧམ་བཤད་བྱས་ཏེ་གནས་ཚུལ་དེ་བོད་ཀྱི་ཕྱི་ལ་ཡོད་པའི་བོད་མིས་ངན་སྐུལ་བྱས་པའི་སྐྱོན་འཛུགས་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ཉེ་བའི་ཆར་བོད་མིར་བདེན་པ་ཡོད་པའི་གནས་ཚུལ་ར་འཕྲོད་གང་ཙམ་བྱུང་ཡོད་པ་ནི། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཁག་གི་གྲོས་ཚོགས་མང་པོ་ཅིག་གིས། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་རིགས་ཡོང་དགོས་པ་ནི་རྒྱ་ནག་གཞུང་གི་ནོར་འཁྲུལ་དང་དྲག་རྩུབ་ཆེ་བའི་སྲིད་ཇུས་ལ་བརྟེན་ནས་བྱུང་བར་ངོས་འཛིན་གནང་ཡོད་ཅིང༌། བོད་མི་མང་པོས་ཀྱང་དྭངས་བླངས་ཐོག་ནས་རྒྱ་ནག་གཞུང་གི་འཁྱོག་བཤད་ལ་ལན་འདེབས་ཀྱི་རྩོམ་ཡིག་དང་དཔེ་དེབ་སོགས་མང་པོ་བཏོན་ཡོད་། ལྷག་པར་དུ་ད་རེས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་ནས་བོད་ནང་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེས་བའི་དེབ་ཁྱབ་སྤེལ་ཐུབ་པ་ཡིན་ན་བོད་མི་ཚོར་བདེན་པ་ཡོད་པ་ཁུངས་སྐྱེལ་ར་སྤྲོད་བྱ་རྒྱུར་ཕན་ཐོག་ཆེན་པོ་ཡོང་རྒྱུ་ཡིན་སྐོར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འགྲེལ་བརྗོད་གནང་འདུག

གོང་གི་རྒྱབ་ཤ་དཀར་པོའི་དེབ་དེར་ཁྱོན་ཤོག་གྲངས་༩༡ཡོད་པ་དང༌། དེའི་ནང་༢༠༠༩ནས་ད་བར་རང་ལུས་མེར་བསྲེགས་བཏང་གནང་མཁན་ཚོའི་མཚན་གཞུང་དང་བཅས་གནས་ཚུལ་ཞིབ་བཀོད་གནང་ཡོད་པ་རེད།